2022ལོར་རྒྱལ་ཡོངས་མི་དམངས་འདུམ་འགྲིག་རྩ་འཛུགས་ཀྱིས་འགལ་ཟླ་དང་རྩོད་གཞི་སྣ་ཚོགས་ཁྲི་1494འདུམ་འགྲིག་བྱས་པ།
གསར་འགོད་པར་ཁྲིམས་འཛིན་པུའུ་ནས་ཤེས་རྟོགས་བྱུང་བར། མིག་སྔར། རྒྱལ་ཡོངས་སུ་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་ཁྲི་69.3ཡོད་པ་དང་། ས་གནས་ཁག་ཏུ་མི་སྒེར་གྱི་འདུམ་འགྲིག་ལས་དོན་ཁང་ཁྲི་1.7བཙུགས་པ། རྒྱལ་ཡོངས་སུ་མི་དམངས་འདུམ་འགྲིག་པ་ཁྲི་317.6ཡོད་པའི་ནང་ཆེད་བསྐོས་འདུམ་འགྲིག་པ་ཁྲི་41.2ཡོད་པ་རེད། 2022ལོར་རྒྱལ་ཡོངས་མི་དམངས་འདུམ་འགྲིག་རྩ་འཛུགས་ཀྱིས་འགལ་ཟླ་དང་རྩོད་གཞི་སྣ་ཚོགས་ཁྲི་1494འདུམ་འགྲིག་བྱས་ནས། འགལ་ཟླ་དང་རྩོད་གཞི་འབོར་ཆེན་ཞིག་གཞི་རིམ་ནས་འདུམ་འགྲིག་དང་ཞུ་གཏུག་མ་བྱས་གོང་ནས་འདུམ་འགྲིག་ཐུབ་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། འགལ་ཟླ་དང་རྩོད་གཞི་ཐག་གཅོད་ཀྱི་དགོས་མཁོ་དང་འཚམ་ཆེད་ཁྲིམས་འཛིན་པུས་སྨན་བཅོས་དང་། འགྲོ་ལམ་འགྲིམ་འགྲུལ། ངལ་རྩོལ་རྩོད་གཞི། སྡེ་ལས་སོགས་ལས་རིགས་ཀྱི་ཆེད་ལས་ཁྱབ་ཁོངས་ཀྱི་འདུམ་འགྲིག་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་བ་དང་འབྲེལ་དྲ་སྦྲེལ་དང་། ཤེས་བྱའི་བདག་དབང་། དངུལ་རྩའི་འགན་བཅོལ། འཛད་སྤྱོད་ཡུལ་སྐོར་སོགས་འགལ་ཟླ་དང་རྩོད་གཞི་ཐོན་སླ་བ་དང་ཐོན་མང་བའི་གཙོ་གནད་ཁྱབ་ཁོངས་སུ་རྒྱུན་ཆད་མེད་པར་རྒྱ་སྐྱེད་བཏང་བ་རེད། མིག་སྔར་རྒྱལ་ཡོངས་སུ་ལས་རིགས་རང་བཞིན་དང་ཆེད་ལས་རང་བཞིན་གྱི་མི་དམངས་འདུམ་འགྲིག་རྩ་འཛུགས་ཁྲི་4.8བཙུགས་པ་དང་། རྫོང་རིམ་པ་ཡན་གྱི་སྲིད་འཛིན་ས་ཁོངས་2890རུ་ཁྲིམས་རྩོད་པའི་འདུམ་འགྲིག་ཚོད་ལྟའི་ལས་དོན་སྤེལ་བ། ཁྲིམས་རྩོད་པའི་འདུམ་འགྲིག་ལས་དོན་ཁང(ལྟེ་གནས)ཁྲི་1.3བཙུགས་ཡོད་པ་རེད། ཚོང་དོན་འདུམ་འགྲིག་དང་ལྷག་པར་དུ་ཕྱི་འབྲེལ་ཚོང་དོན་འདུམ་འགྲིག་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ཧྲང་ཧའེ་དང་། ཀོང་ཏུང་། ཧའེ་ནན། ཧེ་ལུང་ཅང་། སི་ཁྲོན། ཁྲུང་ཆིང་། ཀོང་ཤིས་སོགས་ཀྱི་ས་ཁུལ་དུ་ཚོང་དོན་འདུམ་འགྲིག་རྩ་འཛུགས་ཁག་གཅིག་བཙུགས་ནས་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་བཏང་ཡོད།