ལྷ་ས་མཐོ་གསར་ཁུལ་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས།
དྲ་རྒྱར་ཞུགས་པའི་ཁོངས་གཏོགས་ཁུལ་གྱི་བཟའ་བཏུང་ཚན་པའི་བཟའ་བཅའི་བདེ་འཇགས་ལ་ཆེད་དོན་ཞིབ་བཤེར་བྱས་པ།
དྲ་རྒྱར་ཞུགས་པའི་བཟའ་བཏུང་ཚན་པའི་གཉེར་སྐྱོང་བྱ་སྤྱོད་སྔར་བས་ཚད་ལྡན་དུ་བཏང་ནས་དྲ་རྒྱའི་བཟའ་བཏུང་བདེ་འཇགས་ཀྱི་ཆུ་ཚད་མཐོ་རུ་གཏོང་ཆེད། ཉེ་ཆར། ལྷ་ས་མཐོ་གསར་ཁུལ་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་དྲ་རྒྱར་ཞུགས་པའི་ཁོངས་གཏོགས་ཁུལ་གྱི་བཟའ་བཏུང་ཚན་པར་བཟའ་བཅའི་བདེ་འཇགས་ཀྱི“དྲ་ཐོག་དང་དྲ་ཕྱིའི”ཆེད་དོན་ཞིབ་བཤེར་བྱེད་སྒོ་སྤེལ་ཞིང་། དྲ་རྒྱའི་བཟའ་བཏུང་ཚན་པ་68ལ་ཞིབ་བཤེར་བྱས་པ་དང་། གཉེར་སྐྱོང་ཚོང་དུད་ཁག་གཅིག་གི་དྲ་ཐོག་གི་ཡོངས་བསྒྲགས་ཆ་འཕྲིན་ཚད་ལྡན་མེད་པ་དང་། སྤ་སེ་འཐུས་སྒོ་ཚང་པོ་མེད་པ། འཕྲོད་བསྟེན་གནས་ཚུལ་ཚད་མི་ལོན་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་ཚན་པ་13ལ་ས་ཆ་དངོས་སུ་དག་ཐེར་བྱེད་དགོས་པའི་བཀའ་རྒྱ་བཏང་བ་རེད།
དྲ་ཐོག་ཏུ་ཞིབ་བཤེར་ཚོགས་ཆུང་གིས་འབྱུང་རྩ་ནས་འགོ་བཙུགས་ཏེ“དྲ་རྒྱར་ཞུགས་པའི་འགག་སྒོ”ནན་དུ་བཏང་སྟེ། ལས་སྟེགས་ཀྱི་ས་ཁོངས་འགན་འཁུར་བ་སྐོང་འདྲི་བྱས་པ་མ་ཟད། ལས་སྟེགས་ཀྱིས་དྲ་རྒྱར་ཞུགས་པའི་གཉེར་སྐྱོང་བྱེད་པོར་ཡིག་ཚགས་བཟོས་ཏེ་གཉེར་སྐྱོང་གི་ཁྱབ་ཁོངས་དང་དེ་བཞིན་ཚལ་ཐོ་སོགས་འབྲེལ་ཡོད་ཀྱི་ཆ་འཕྲིན་ཚད་ལྡན་དུ་བཏང་ནས་ལག་ཁྱེར་མེད་པ་དང་། ལག་ཁྱེར་གཡོ་ལེན་བྱེད་པ། ལག་ཁྱེར་རྫུས་མ་སྤྱད་ནས་དྲ་རྒྱའི་བཟའ་བཏུང་གི་ཞབས་ཞུ་བྱེད་པ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་བཀག་འགོག་བྱེད་དགོས་པའི་བླང་བྱ་ཡང་བཏོན་ཡོད། དྲ་ཕྱིར་ཞིབ་བཤེར་ཚོགས་ཆུང་གིས་དངོས་ཚན་བཟའ་བཏུང་ཚོང་ཁང་གི་བཟའ་བཅའི་གཉེར་སྐྱོང་ཆོག་འཐུས་དང་། ལས་ཞུགས་མི་སྣའི་བདེ་ཐང་ལག་ཁྱེར། ཐབ་ཚང་གི་འཕྲོད་བསྟེན། ཟ་མ་གཡོས་སྦྱོར་གྱི་ཡོ་བྱད་གཙང་འཁྲུ་དུག་སེལ་སོགས་ཐད་གཙོ་གནད་ཐོག་ཞིབ་བཤེར་བྱས་པ་དང་ཆབས་ཅིག“མེད་པ་གསུམ”གྱི་བཟའ་བཅའི་རྒྱུ་ཆར་འདྲི་བཤེར་དང་བཟའ་བཅའི་རྒྱུ་ཆའི་སྤུས་ཚད་ཟུར་བཤེར་བྱས་ནས་དྲ་རྒྱའི་བཟའ་བཏུང་ནང་ཞུགས་མཁན་གྱི་ལྕེ་ཐོག་བདེ་འཇགས་ལ་ཕྱོགས་ཡོངས་ནས་འགན་ལེན་བྱས་ཡོད།