ལོ་ཟླའི་ཁུར་གྱིས་ཡོངས་སུ་མནན་ཡང་། དམངས་ཕན་ལས་ཀྱི་སྤྲོ་བ་མི་ཉམས།
—— སྣེ་གདོང་ཆུས་ཡར་སྟོད་ཤང་ཆོས་སྡེ་འོག་གྲོང་ཚོའི་ཀུན་སྤྱོད་དཔེ་བཟང་བ་ཚེ་རིང་གཡང་འཛོམས་ཀྱི་སྐོར་བཀོད་པ།
རྨོ་བོ་ཚེ་རིང་གཡང་འཛོམས་ལགས་དང་ཐོག་མར་ཐུག་སྐབས། ཁོང་གི་ངོ་གདོང་ལས་དགའ་བའི་འཛུམ་མདངས་འཕྱུར་ཞིང་། གོམ་སྟབས་བརྟན་པོས་ཕར་འགྲོ་ཚུར་འོང་ཐུབ་པས། ཕར་བལྟས་ན་དགུང་ལོ་དགུ་བཅུར་སླེབས་ཉེར་ཡོད་པའི་བགྲེས་སོང་ཞིག་དང་གཏན་ནས་མི་འདྲ་བའི་སྣང་བ་ཞིག་སྐྱེས།
གསར་འགོད་པ་བཅར་འདྲིར་ཡོང་བ་མཐོང་སྐབས་རྨོ་བོ་ལགས་ཀྱིས་སྤྱི་སྐད་ཤོད་མི་ཤེས་ཀྱང་ལག་བརྡར་བརྟེན་ནས་གསར་འགོད་པ་སྡོད་དུ་བཅུག་པ་དང་འབྲེལ། ཅོག་ཙེའི་སྟེང་གི་ཤིང་འབྲས་སྡེར་མ་དང་བཏུང་བྱ་གསར་འགོད་པའི་མདུན་དུ་བཞག
གྲོང་ཚོར་བཅའ་སྡོད་ལས་བྱེད་པ་པད་མ་ཆོས་འཕེལ་གྱིས་གསར་འགོད་པར། རྨོ་བོ་ལགས་1934ལོར་སྐྱེས་པ་དང་། ད་ཆ་ཡར་སྟོད་ཤང་གི‘ཀུན་སྤྱོད་དཔེ་བཟང་བ་ཡག་ཤོས’ཡིན་པ་མ་ཟད། ད་དུང་སྣེ་གདོང་ཆུས་ཀྱི‘མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་བ’དང་། ལྷོ་ཁ་གྲོང་ཁྱེར་གྱི‘སྣང་ཆེན་བཞི་དང་དགའ་ཞེན་བཞིའི’ཕུལ་བྱུང་སྒྲོག་འགྲེལ་པ་ཞིག་ཀྱང་རེད་ཅེས་ངོ་སྤྲོད་བྱས།
གླེང་མོལ་བྱེད་རིང་། ལོ་དགུ་བཅུར་སླེབས་ཉེར་ཡོད་པའི་ཚེ་རིང་གཡང་འཛོམས་ཀྱིས་རིག་པ་དྭངས་ལ་སྨྲ་ལྕེ་དག་པོས་རང་ཉིད་ཀྱི་འདས་ཟིན་པའི་གནས་ཚུལ་ལ་ཕྱིར་དྲན་བྱེད་བཞིན་དུ་ང་ཚོར་རེ་རེ་བཞིན་གླེང་།
ཁོང་གི་བྱིས་དུས་ནི་ཞིང་བྲན་བདག་པོའི་མནར་གཅོད་དང་ཉེས་རྡུང་གི་ཁྲོད་དུ་བསྐྱལ་བ་དང་། རྗེས་སུ་བཅིངས་འགྲོལ་དམག་བོད་དུ་འབྱོར་བ་དང་བསྟུན་ནས་ཚེ་རིང་གཡང་འཛོམས་ལའང་རང་དབང་ཐོབ་སྟེ་རང་ཉིད་ལ་བདག་པའི་ས་ཞིང་བགོ་བཤའ་ཐོབ་པས། ཁོང་དང་ནང་མི་ཚོས་འཚོ་བར་བཅངས་པའི་དགའ་ཞེན་ཇེ་ཆེར་འཕེལ།
བཅིངས་འགྲོལ་དམག་གི་བཀའ་དྲིན་འཇལ་ཆེད། 1962ལོར་ཚེ་རིང་གཡང་འཛོམས་ཀྱིས་རང་འགུལ་ངང་འཐབ་ས་དང་པོར་བསྐྱོད་དེ་དམག་དཔུང་ལ་འབྲུ་རིགས་དང་རྫས་མདེལ་སོགས་ཀྱི་དངོས་རྫས་དབོར་རོགས་བྱས།
ཚེ་རིང་གཡང་འཛོམས་ཀྱིས། ཉིན་མོ་ང་ཚོ་དེ་ཁུལ་དུ་གབ་ནས་སྡོད་པ་དང་དགོང་མོ་དངོས་ཟོག་རྒྱབ་ཏུ་ཁུར་ནས་འཐབ་སར་སྐྱོད་ཀྱི་ཡོད། མ་གཞི་སྐྲག་སྣང་གིས་མནར་ཏེ་རྟག་ཏུ་ངུ་ཤོར་མོད། འོན་ཀྱང་ང་ལ་ཕྱིར་བཤོལ་གྱི་བསམ་བློ་གཏན་ནས་འཁོར་མྱོང་མེད། བཅིངས་འགྲོལ་དམག་གི་དོན་དུ་ནུས་ཤུགས་གང་ཡོད་འདོན་རྒྱུ་ནི་ངའི་སྐབས་དེ་དུས་ཀྱི་འབད་འཐབ་ཀྱི་དམིགས་ཡུལ་ཡིན་ཞེས་བརྗོད། ཐེངས་ཤིག་དངོས་ཟོག་དབོར་སྐབས། སྟབས་མི་ལེགས་པར་ཚེ་རིང་གཡང་འཛོམས་ཀྱི་རྐང་པར་རྨས་སྐྱོན་ཕོག་སྟེ་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་དུ་སྨན་བཅོས་བྱས་ནས་སྡོད་སྐབས། དམག་དཔོན་ཀྲང་གོ་ཧྭས་ཁོང་ལ་གཟིགས་པར་ཕེབས་པ་དང་སྦྲགས། ཁོང་ཞིང་ཆེན་རིམ་པའི“ངལ་རྩོལ་དཔེ་བཟང་བར”བདམས།
པད་མ་ཆོས་འཕེལ་གྱིས་གསར་འགོད་པར། ད་ཆ་གྲོང་ཚོར་སྒྲོག་འགྲེལ་བྱེད་སྒོ་སྤེལ་རིམ་བཞིན་རྨོ་བོ་ལགས་སྒྲོག་འགྲེལ་པར་གདན་དྲངས་ནས‘བོད་གསར་རྙིང་གི་བསྡུར་བ’དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་ཤོད་དུ་འཇུག་གི་ཡོད། རྨོ་བོ་ལགས་ཀྱིས་སྒྲོག་འགྲེལ་བྱེད་རིམ་བཞིན་མང་ཚོགས་མང་པོ་ཉན་པར་ཡོང་བ་དང་། མི་མང་པོ་ཞིག་སྡོད་ས་མེད་པར་ལངས་ནས་སྡོད་པ་མ་ཟད། ད་དུང་སེམས་འགུལ་ཚད་མེད་ཐེབས་བཞིན་དུ་མིག་ཆུ་རང་དབང་མེད་པར་ཤོར་གྱི་ཡོད། ཁོང་གིས་གྲོང་ཚོ་དེ་རང་དུ་སྒྲོག་འགྲེལ་བྱེད་པ་ཕུད་ད་དུང་ཡར་སྟོད་ཤང་གི་གྲོང་ཚོ་གཞན་དག་གིས་ཀྱང་ཚེ་རིང་གཡང་འཛོམས་རྟག་ཏུ་སྒྲོག་འགྲེལ་བྱེད་པར་གདན་འདྲེན་ཞུ་ཡི་ཡོད་ཅེས་བརྗོད།
ཚེ་རིང་གཡང་འཛོམས་ཀྱི་བུ་ཆུང་བ་ཚེ་རིང་དངོས་གྲུབ་ཀྱིས། ངའི་ཕ་གྲོངས་ནས་ལོ་མང་ཕྱིན་སོང་། ང་ཚོ་གཅེན་གཅུང་ཚོ་ཨ་མ་གཅིག་པུས་གསོས་པ་ཡིན་ཞེས་བརྗོད། ད་ཆ་ཚེ་རིང་དངོས་གྲུབ་ནི་ཆོས་སྡེ་འོག་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཡིན་ཞིང་། ཚེ་རིང་གཡང་འཛོམས་ཀྱིས་རྟག་ཏུ་རང་གི་བུ་ལ་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས་མང་ཚོགས་ཀྱི་བྱ་བ་དེ་རང་ཉིད་ཀྱི་བྱ་བར་བརྩིས་ཏེ་བློ་གཅིག་སེམས་གཅིག་གིས་མང་ཚོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་ཏང་དང་སྲིད་གཞུང་ལ་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱེད་དགོས་པའི་མངགས་བཅོལ་ནན་པོ་བྱེད་ཀྱི་ཡོད།
ཚེ་རིང་དངོས་གྲུབ་ཀྱིས་ཨ་མའི་བཀའ་སློབ་བློ་ལ་བརྟན་པོར་ངེས་ནས་རྟག་ཏུ་ལས་ཀ་ཧུར་ཐག་འབད་ཐག་བྱེད་ཀྱི་ཡོད། གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་སྣེ་ཁྲིད་རྣམ་གྲངས་ཀྱི་སྐུལ་ཁྲིད་འོག་ཉེ་ཆར་གྲོང་ཚོས་ཁྱིམ་ཚང་ཚང་མའི་སྒོ་འགྲམ་གྱི་འགྲོ་ལམ་དང་། གཡུལ་ཐང་། བཙོག་ཆུའི་མདོང་ལམ། སྔོ་འགྱུར་ལས་གྲྭ་སོགས་རྨང་གཞིའི་སྒྲིག་བཀོད་བསྐྱར་བཟོ་བྱས་ཡོད། ཚེ་རིང་དངོས་གྲུབ་ཀྱིས་གྲོང་ཚོ་གཅིག་པའི་མང་ཚོགས་ཀྱི་ཁྱིམ་གྱི་སྒོ་འགྲམ་གྱི་ལས་གྲྭའི་འཕེལ་རིམ་དང་དཀའ་ངལ་ལ་དོ་ཁུར་ཆེན་པོ་བྱེད་པ་མ་ཟད། ད་དུང་རང་ཁྱིམ་དུ་བསྐྱར་བཟོའི་ལས་ཀ་བྱེད་སྐབས་རང་འགུལ་ངང་ཨར་ལས་ཚན་པའི་ལས་མིར་སྔོན་ལ་མང་ཚོགས་གཞན་དག་གི་ཁྱིམ་དུ་ལས་ཀ་བྱེད་པར་བསྐྱོད་དུ་བཅུག་ནས་རང་ཁྱིམ་གྱི་བསྐྱར་བཟོའི་ལས་ཀ་མཇུག་ཏུ་བྱེད་རྒྱུའི་རེ་བ་བཏོན་པ་རེད།
པད་མ་ཆོས་འཕེལ་གྱིས་གསར་འགོད་པར། རྨོ་བོ་ལགས་ཉིན་ལྟར་གྲོང་ཚོ་ཨུ་ལྷན་གྱི་སྒོ་འགྲམ་དུ་ལྟ་ཙམ་ལྟ་ཙམ་བྱེད་པར་འགྲོ་ཡི་ཡོད། གྲོང་མིས་གད་སྙིགས་གང་བྱུང་དུ་དབྱུགས་པ་མཐོང་རིམ་བཞིན་རྨོ་བོ་ཚེ་རིང་གཡང་འཛོམས་ཀྱིས་དུས་ཐོག་ཏུ་བཀག་འགོག་བྱེད་ཀྱི་ཡོད། གྲོང་པ་ཁྱིམ་མཚེས་དབར་འགལ་ཟླ་དང་རྩོད་གཞི་ཐོན་རིམ་བཞིན་ཚེ་རིང་གཡང་འཛོམས་ཀྱིས་དེ་གར་འདུམ་འགྲིག་བྱེད་པར་བསྐྱོད་ནས་ཚང་མའི་འགལ་ཟླ་སེལ་རོགས་བྱེད་ཀྱི་ཡོད་ལ། ཚང་མས་ཀྱང་རྨོ་བོ་ཚེ་རིང་གཡང་འཛོམས་ཀྱི་ཁ་ལ་ཉན་འདོད་བྱེད་ཀྱི་ཡོད་ཅེས་བརྗོད།
ཚེ་རིང་གཡང་འཛོམས་ཀྱིས། ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་ལས་ང་ཚོར་ལྟོས་གྲོད་པ་རྒྱགས་པ་དང་། གོས་ཀྱིས་ལུས་དྲོས་པ། སྡོད་སའི་ཁང་པ་ཡག་པ་བཅས་ཡོད་པས། དེ་ལས་ཀྱང་ཡག་པའི་བྱ་བ་གང་ཞིག་ཡོད་ཅེས་བརྗོད།