དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཡངས་པའི་ལས་གཏོད་ཞིང་ས་ནས། སྐྱིད་པའི་གླུ་སྒྲ་ལྷང་ལྷང་གྲགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-07

    ཟླ་དགུ་པའི་ལྷ་སའི་ཡུལ་ལྗོངས་ནི་སྒྱུ་རྩལ་གྱི་ཞིང་ཁམས་ཤིག་དང་འདྲ་བར་ཧ་ཅང་ལྟ་ན་སྡུག གྲོང་ཁུལ་ནས་ཐོན་ཏེ་ལྷ་གོང་མྱུར་བགྲོད་གཞུང་ལམ་བརྒྱུད་ནུབ་ཏུ་སྐྱོད་སྐབས། མིག་ལམ་དུ་འཆར་བ་ནི་གཞུང་ལམ་གྱི་གཡས་གཡོན་གཉིས་སུ་སྔོ་ཐིང་ངེར་གནས་པའི་རྒྱ་ལྕང་དང་། འབྲས་བུའི་ཁུར་གྱིས་དུད་པའི་ཞིང་ནང་གི་སྙེ་མའི་རྦ་རླབས་རེད། ཚལ་སྣེ་ཤང་དུ་སླེབས་ཁའི་མྱུར་བགྲོད་ལམ་ནས་བབས་ཏེ་མུ་མཐུད་ནུབ་ལ་གཏད་ནས་བསྐྱོད་མཐར་མི་རིང་བར་གནམ་ཤང་གི་ལྗང་གྲོང་ཚོར་འབྱོར།

    གྲོང་ཚོར་སྐྱོད་སྐབས། དེ་གའི་སྲང་ལམ་ཁོད་སྙོམས་ཤིང་སྔོ་ལྗང་རྩི་ཤིང་བཏབ་ནས་ཁོར་ཡུག་ལྟ་ན་སྡུག་པ་ཞིག་ཡོད་པ་མིག་ལམ་དུ་འཆར་འོང་། དེ་ནས་གྲོང་ཚོའི་ནུབ་ཏུ་སྐྱོད་སྐབས། མི་རིང་བར་གཞུང་ལམ་གྱི་གཞོགས་ན་ཡུལ་མི་ཀུའོ་ཧོ་ཡན་དང་བཟའ་ཟླ་ཚེ་རིང་ཆོས་སྒྲོན་གྱིས་ཕར་འགྲོ་ཚུར་འོང་གི་རྒྱ་ལམ་འགྲུལ་པར་ཤིས་ཀྭ་བདམས་ནས་རྒྱ་མར་འགྱོགས་བཞིན་འདུག 2018ལོར་ཆུ་ཤུར་རྫོང་གནམ་ཤང་ལྗང་གྲོང་ཚོའི་དྲོད་ཁང་ཆེན་པོའི་འདེབས་འཛུགས་འཇོན་ཐང་ཅན་ཀུའོ་ཧོ་ཡན་ཁྱིམ་གྱིས་བཅོལ་དངུལ་སྒོར་ཁྲི་70ལྷག་ཙམ་བཏོན་ཏེ་ཡུལ་མིའི་ས་ནས་ས་ཞིང་མུའུ་28ནང་བཤུག་བླངས་ཏེ་དེང་རབས་ཅན་གྱི་འབྲས་ཤིང་དང་སྔོ་ཚལ་དྲོད་ཁང་ཆེན་པོ་གསུམ་བརྒྱབ་པ་དང་། དེའི་མིང་ལ“ཆོས་སྒྲོན་སྔོག་འཐུ་ཁང”ཞེས་བཏགས། ཚེ་རིང་ཆོས་སྒྲོན་གྱིས་ཤིས་ཀྭ་གྲལ་འགྲིག་པོས་ལམ་ཟུར་དུ་བཀྲམ་ནས་རྒྱ་ལམ་འགྲུལ་པར་ཐད་ཀར་འཚོང་གི་ཡོད། ས་ཞིང་འགན་གཙང་བླངས་ནས་དྲོད་ཁང་ཆེན་པོ་གཉེར་བ་ནས་བཟུང་། ཁྱིམ་གྱི་ལོའི་ཡོང་འབབ་སྒོར་ཁྲི་20ཡན་ཟིན་ནས། འཚོ་བར་སྐྱིད་ཀྱི་ཉི་མ་ཤར་འགོ་ཚུགས།

    ཕ་ཡུལ་ཧོ་ནན་ནས་ཡིན་པའི་ཀུའོ་ཧོ་ཡན་2000ལོར་བོད་དུ་ལས་གཏོད་བྱེད་པར་འོང་ཞིང་། ལས་གཏོད་བྱེད་པ་ནི་དཀའ་ཚེགས་ཀྱི་བརྒྱུད་རིམ་ཞིག་ཡིན་ཡང་། སྟབས་ལེགས་པ་ཞིག་ལ། ཀུའོ་ཧོ་ཡན་གྱིས་ལས་གཏོད་བྱེད་སྐབས་ལྗང་གྲོང་ཚོ་ནས་ཡིན་པའི་ཡུལ་མི་ཚེ་རིང་ཆོས་སྒྲོན་དང་ཁ་ཐུག་སྟེ་ཕན་ཚུན་དབར་ལས་འཕྲོའི་མདུད་པ་ཐེབས། 2005ལོར་ཀུའོ་ཧོ་ཡན་དང་ཚེ་རིང་ཆོས་སྒྲོན་གཉེན་སྒྲིག་བྱས་པ་དང་། ཁོང་གཉིས་ཀྱིས་གྲོས་བསྡུར་བྱས་པ་བརྒྱུད་དྲོད་ཁང་བརྒྱབ་ནས་འདེབས་འཛུགས་ལས་ལ་གཞོལ་ཏེ་ཁྱིམ་ཚང་གསར་པའི་ཆེད་འབད་འཐབ་བྱེད་པར་ཐག་བཅད། ཐོག་མའི་སྐབས་ཁོང་གཉིས་ཀྱིས་རང་ཁྱིམ་གྱི་ས་ཞིང་ལ་དྲོད་ཁང་ཆེན་པོ་ཞིག་བརྒྱབ་ནས་འདེབས་འཛུགས་བྱས་པར་བསམ་ཡུལ་ལས་འདས་པར་ཡོང་འབབ་ཡག་པོ་བྱུང་། དེ་ནས་ཡོང་འབབ་ཡག་པོ་རག་པ་ཤེས་ཏེ་ཁོང་གཉིས་པོས་ཡུལ་མིའི་ས་ནས་ས་ཞིང་མུའུ་28ནང་བཤུག་བླངས་ཏེ་ས་ཁྱོན་མུའུ་20ཟིན་པའི་དྲོད་ཁང་ཆེན་པོ་སྟར་པ་གཉིས་བརྒྱབ་ནས་འདེབས་འཛུགས་བྱས།

    གསར་འགོད་པས་ཀུའོ་ཧོ་ཡན་དང་མཉམ་དུ་དྲོད་ཁང་ཆེན་པོར་སྐྱོད་སྐབས། རིང་ཚད་ལ་སྨི་186དང་ཞེང་ཚད་ལ་སྨི་23ཡོད་པའི་དྲོད་ཁང་དུ་ཀྭ་རིགས་བཏབ་ཡོད་ཅིང་། གང་ས་ནས་ལོ་ལེགས་ཀྱི་རྣམ་པ་ཞིག་མངོན་འོང་། ཀུའོ་ཧོ་ཡན་གྱིས། ལོ་འགའི་གོང་། ང་ཚོས་ས་ཞིང་མུའུ་20འགན་གཙང་བླངས་ནས་དེ་གར་དྲོད་ཁང་ཆེན་པོ་གསུམ་བརྒྱབ་པ་ཡིན། དེ་དུས་བྲེལ་བ་ཆེ་བའི་སྒང་ཡིན་སྟབས་གླ་པ་3གླས་ཏེ་མི་རེར་ཉིན་རེར་གླ་ཆ་སྒོར་150སྤྲད་པ་དང་། གླ་པ་དག་དེ་དག་ཡུལ་འདི་གའི་མི་སེར་ཡིན་ཞེས་བཤད་པ་དང་། ཁོང་གིས། ལོའི་ཡོང་འབབ་དེ་ཁྲོམ་རའི་གནས་ཚུལ་ལ་བལྟས་ཚེ། ཚོང་ཡག་པའི་སྐབས་སྒོར་ཁྲི་20ལྷག་ཙམ་རག་པ་དང་། ཚོང་ཞན་པའི་སྐབས་སྒོར་ཁྲི་10ལྷག་ཙམ་ཡོང་གི་འདུག དེ་གའི་མི་སེར་ཚོ་དང་མཉམ་དུ་ཡོང་འབབ་གསོག་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་བཤད།

    ཀུའོ་ཧོ་ཡན་གྱིས་གསར་འགོད་པར། ད་ཆ་ང་ཚོས་ལྗང་གྲོང་ཚོར་ཁང་པ་གསར་པ་བརྒྱབ་པ་མ་ཟད། ཕྲུ་གུ་ལྷ་སར་སློབ་གྲྭར་གཏོང་བཞིན་ཡོད། ཏང་གི་སྲིད་ཇུས་བཟང་པོའི་འོག་རང་ཉིད་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་ན། འཚོ་བ་ཉིན་བཞིན་ཡག་ཏུ་འགྲོ་ངེས་རེད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།