དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བོད་ཀྱིས་ཕན་འབྲས་ཆེ་ལ་ཤར་བགྲོད་ཐུབ་པའི་ཟོག་འགྲེམས་མ་ལག་མགྱོགས་མྱུར་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-07

    ཡངས་ཤིང་རྒྱ་ཆེ་བའི་ས་མཐོའི་ཡུལ་ལུང་གང་སར་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་ཟོག་འདྲེན་རླངས་འཁོར་སྐྱོད་བཞིན་མཆིས། ཞོགས་པའི་ཆུ་ཚོད་བརྒྱད་དང་ཕྱེད་ཀ་ལྷག་ཙམ་ལ་ཐུག་པ་ཚ་པོ་ཞིག་འཐུངས་རྗེས་མཚོ་སྔོན་ནས་མྱུར་སྐྱེལ་དངོས་ཟོག་དབོར་མཁན་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་མ་ཅི་ཨན་ནག་ཆུ་ནས་ལྷ་སའི་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ནག་ཆུའི་མྱུར་ཚད་ཞིབ་བཤེར་ས་ཚིགས་བརྒྱུད་ལྷ་སར་འབྱོར།

    “ང་རང་ཟོག་འགྲེམས་སྐྱེལ་འདྲེན་ལས་ལ་གཞོལ་ནས་ལོ་མང་པོ་ཕྱིན་སོང་། རྒྱུན་དུ་ལྷ་ས་དང་། ཟི་ལིང་། ལན་ཀྲོའུ་སོགས་སུ་སྐྱོད་ཀྱི་ཡོད། དེ་སྔོན་ནག་ཆུ་ནས་ལྷ་སར་ཆུ་ཚོད་6ལྷག་ཙམ་འགོར་བ་དང་སྐབས་རེ་ལམ་འགག་ན་ཆུ་ཚོད་8ལྷག་ཙམ་འགོར་གྱི་འདུག ད་ཆ་ནག་ཆུ་ནས་ལྷ་སར་ཆུ་ཚོད་3དང་ཕྱེད་ཀ་ལྷག་ཙམ་ལས་འགོར་གྱི་མེད”ཅེས་མ་ཅི་ཨན་གྱིས་གསར་འགོད་པར་བཤད།

    ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་དགོས། དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཤུགས་རྒྱག་ས་དེ་དངོས་ཚན་དཔལ་འབྱོར་ཐོག་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་བཟོ་ལས་ཅན་གསར་པར་སྐུལ་སྤེལ་བཏང་སྟེ་བཟོ་སྐྲུན་གྱི་སྟོབས་ཆེན་རྒྱལ་ཁབ་དང་། སྤུས་ཚད་ཀྱི་སྟོབས་ཆེན་རྒྱལ་ཁབ། མཁའ་འགྲུལ་གྱི་སྟོབས་ཆེན་རྒྱལ་ཁབ། འགྲིམ་འགྲུལ་གྱི་སྟོབས་ཆེན་རྒྱལ་ཁབ། དྲ་སྦྲེལ་གྱི་སྟོབས་ཆེན་རྒྱལ་ཁབ། གྲངས་འཛིན་གྱི་ཀྲུང་གོ་བཅས་འཛུགས་སྐྲུན་གང་མགྱོགས་བྱེད་དགོས། ཟོག་འབྲེལ་དྲ་རྒྱ་འཕེལ་རྒྱས་མགྱོགས་སུ་བཏང་ནས་ལས་ཆོད་ཆེ་ཞིང་ཤར་བགྲོད་ཐུབ་པའི་འགྲོ་རྒྱུག་མ་ལག་བཙུགས་ཏེ་ཟོག་འགྲེམས་ཀྱི་མ་གནས་ཆུང་དུ་གཏོང་དགོས་ཞེས་ཁ་གསལ་བསྟན་ཡོད།

    ཉེ་བའི་ལོ་ཤས་རིང་། བོད་ཀྱིས་ཟོག་འགྲེམས་ལས་རིགས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་མཐའ་སྣེའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཟོག་འགྲེམས་ཀྱི“འཕར་རྩ་གཙོ་བོ”བཏོད་པ་དང་། མཇུག་སྣེའི“འཁོར་སྐྱོད་ཆུང་ངུ”ཤར་གཏོང་ཐུབ་པ། འགྲོ་ལམ་སྐྱེལ་འདྲེན་ཁྲོམ་ར་འཕེལ་རྒྱས་འགྲོ་ཚུལ་རྒྱུན་ཆད་མེད་པར་ཚད་ལྡན་དུ་བཏང་བས། དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ལ་འཚམ་པའི“ཟོག་འགྲེམས་ཚ་རླབས”ཤིག་འཕྱུར་ཡོད།

    གྲངས་གཞི་ལས་མངོན་པ་ལྟར་ན། འདི་ལོའི་ཟླ་དང་པོ་ནས་བདུན་པའི་བར། ལྗོངས་ཡོངས་ཀྱི་གཞུང་ལམ་ནས་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་2710.73དང་ཟོག་འདྲེན་འཁོར་རྒྱུག་བྱེད་ཚད་སྤྱི་ལེ་ཏུན་དུང་ཕྱུར་69.75ཟིན་པ་དེ་དུས་མཚུངས་ལས་11.6%དང་8.0%སོ་སོར་འཕར་བ་དང་། ལྕགས་ལམ་ནས་དངོས་ཟོག་ཐེངས་ཁྲི་1.13བསྐྱལ་བ་དང་ཏུན་ཁྲི་58.94སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་11.4%དང་12.9%སོ་སོར་འཕར་བ་དང་། ལྕགས་ལམ་ནས་དངོས་ཟོག་འབྱོར་ཐེངས་ཁྲི་6.17ལ་དངོས་ཟོག་ཏུན་ཁྲི་335.14ཟིན་པ་དེ་དུས་མཚུངས་ལས་3.1%དང་2.4%སོ་སོར་འཕར་བ། དམངས་སྤྱོད་མཁའ་འགྲུལ་གྱི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་1.98ཟིན་པ་དེ་དུས་མཚུངས་ལས་4.2%འཕར་བ། སྦྲག་སྲིད་མྱུར་སྐྱེལ་གྱི་བསྐུར་མ་ཁྲི་1308.72རྩིས་ལེན་བྱས་པ་དེ་དུས་མཚུངས་ལས་66.1%འཕར་བ། བསྐུར་མ་ཁྲི་6491.76བསྐྱལ་བ་དེ་དུས་མཚུངས་ལས་71.6%འཕར་ཡོད། གྲངས་གཞི་གསལ་པོ་དེ་དག་ལས་ལྗོངས་ཡོངས་ཀྱི་ཟོག་འགྲེམས་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པའི་ཉམས་བཟང་མངོན།

    2021ལོར་བོད་ལྗོངས་ཟླ་བ་ཆོས་སྒྲོན་ཁེ་ལས་ཚད་ཡོད་ཀུང་སི་ཉིང་ཁྲིའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཀོང་ཏུང་ནགས་ཁྲོད་ཐོན་ལས་གླིང་དུ་བཅའ་སྡོད་བྱས་ཤིང་། སྟབས་བདེའི་ཟོག་འགྲེམས་སྐྱེལ་འདྲེན་ལ་བརྟེན་ནས་ཐོན་ལས་རིམ་འཕར་དང་མངོན་འགྱུར་བྱུང་ནས་ཞིང་འབྲོག་པའི་ཐོན་འཕར་འབབ་འཕར་ལ་སྐུལ་ཁྲིད་བྱས་ཡོད། ཀུང་སིའི་འགན་འཁུར་བ་ལིའུ་ཡན་གྱིས“དེ་སྔ་ཐག་རིང་ལུང་ཁུག་གི་གྲོང་ཚོར་ཨར་འདམ་ལམ་བཟོས་མེད་སྟབས་གྲོང་ཚོར་ཞིང་ལས་ཐོན་རྫས་ཉོ་བར་ཡོང་མཁན་ཧ་ཅང་ཉུང་བས་བེ་ཤ་མང་པོ་འཚོང་ཐབས་བྲལ། ད་ཆ་ང་ཚོས་ཉོ་སྒྲུབ་བྱས་པའི་བེ་ཤ་མཁའ་འགྲུལ་བརྒྱུད་དུས་ཐུང་ནང་ཀོང་ཏུང་དུ་དབོར་གྱི་ཡོད། ན་ནིང་ཀུང་སིས་ཞིང་འབྲོག་དུད་ཚང་186ལ་ཐད་ཀར་སྐུལ་ཁྲིད་བྱས་པས་དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་འཕར་ནས་མི་50ལྷག་ཙམ་ལས་ཞུགས་བརྟན་པོ་བྱུང་ཡོད”ཅེས་བཤད།

    མངའ་རིས་ས་ཁུལ་སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་གྱི་ཧྲུན་ཧྥེང་ས་ཚིགས་སུ་སྐུ་ཞབས་ལིའུ་ལགས་ཀྱིས་དྲ་ཐོག་ནས་ཉོས་པའི་ལྷམ་མགྱོགས་པོ་འབྱོར་བར་ཧང་སངས་ཡོད། “ཉོས་ནས་ཉིན་5ལས་མ་འགོར་བར་ལག་ཏུ་འབྱོར་བྱུང་། དེ་སྔ་འཚོ་བའི་མཁོ་ཆས་ཉོ་འདོད་ཡོད་ཀྱང་བློ་མི་བདེ་བར་ཉོ་མི་ཕོད་ལ་མྱུར་སྐྱེལ་ཀུང་སིས་ཀྱང་མགྱོགས་པོ་སྐྱེལ་གྱི་མེད། མ་ཟད་ཚོང་ཟོག་མགྱོགས་ཤོས་ལའང་ཉིན་བདུན་བརྒྱད་ལྷག་ཙམ་འགོར་གྱི་རེད། མཚམས་རེ་ཟླ་ཕྱེད་ལྷག་ཙམ་འགོར་གྱི་འདུག”ད་ཆ་མངའ་རིས་ས་ཁུལ་གྱི་གྲོང་མིས་ཀྱང་ཝེ་ཕིན་ཧུའེ་དང་ཏེ་ཝུ་སོགས་ཚོང་སྟེགས་ནས་དར་སོ་ཆེ་བའི་གྱོན་ཆས་དང་གློག་རྡུལ་སྒྲིག་ཆས་ཉོས་ན་མྱུར་སྐྱེལ་ཞབས་ཞུ་དུས་ཐོག་ཏུ་ལོངས་སྤྱོད་བྱེད་ཐུབ།

    བོད་ཀྱི་གཞུང་ལམ་དང་ལྕགས་ལམ་ལེགས་སུ་སོང་བ་དང་དེ་བཞིན་གྲོང་མིའི་འཛད་སྤྱོད་ནུས་པ་ཆེ་རུ་དང་འཛད་སྤྱོད་བྱེད་ཐབས་ལ་འགྱུར་ལྡོག་བྱུང་བ་དང་ཆབས་ཅིག་བོད་ཀྱི་ཟོག་འགྲེམས་མ་ལག་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་ནས་རིམ་གྱིས་རིག་ལྡན་ཅན་གྱི་ཐག་གཅོད་ཐུབ་པ་དང་། སྔོན་ཆད་ཡིད་ལ་ཡང་འཁོར་མི་ཕོད་པའི་ཞབས་ཞུ་ད་ཆ་རིམ་བཞིན་བོད་ཀྱི་མི་སེར་ཕལ་པའི་དུད་ཁྱིམ་དུ་ཁྱབ་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།