དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་གིས་ཁ་གསབ་དངུལ་སྤྲད་ནས་སྲོལ་རྒྱུན་གྱི་ཡུལ་མིའི་སྡོད་ཁང་སྲུང་སྐྱོང་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-07

    གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། གྲོ་མོ་རྫོང་སྲིད་གཞུང་གིས་སྲོལ་རྒྱུན་གྱི་ཡུལ་མིའི་སྡོད་ཁང་ལ་ཁ་གསབ་དངུལ་སྤྲོད་པའི་བྱ་ཐབས་སྤྱད་དེ་ཤར་གསིང་མ་གྲོང་རྡལ་གྱི་ཁྲོམ་གཞུང་རྒྱབ་མདུན་ས་ཁོངས་ཀྱི་སྲོལ་རྒྱུན་ཡུལ་མིའི་སྡོད་ཁང་སྲུང་སྐྱོང་སོར་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས། སྲོལ་རྒྱུན་རིག་གནས་ཀྱི་ཐོན་ཁུངས་སྲུང་སྐྱོང་ཏན་ཏིག་བྱེད་པ་དང་ཕ་ཡུལ་གྱི་དྲན་ཤེས་ཉར་འཇོག་ཐུབ་པར་བྱས་ཏེ། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གྲོ་མོ་རྫོང་ཤར་གསིང་མ་གྲོང་རྡལ་ནི་གྲོ་མོ་རྫོང་མི་དམངས་སྲིད་གཞུང་གནས་ཡུལ་དང་རྫོང་ཡོངས་ཀྱི་དཔལ་འབྱོར་དང་། ཆབ་སྲིད། རིག་གནས་བཅས་ཀྱི་ལྟེ་གནས་ཡིན་ཞིང་། ཁྱོན་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་230དང་རྒྱུན་སྡོད་མི་འབོར་6000ལྷག་ཙམ་ཡོད། ཉེ་བའི་ལོ་ཤས་རིང་། ཏང་གི་དམངས་ཕན་སྲིད་ཇུས་ཀྱི་སྐུལ་འདེད་འོག་ཤར་གསིང་མ་གྲོང་རྡལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་ཕྱིན་པ་དང་། ཚོང་དོན་ཡུལ་སྐོར་ཟམ་མི་ཆད་པར་དར་རྒྱས་བྱུང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་འཛུགས་སྐྲུན་ཉིན་རེ་ལས་མ་འདས་པར་རྣམ་པ་གསར་པ་མངོན་ཞིང་། 2022ལོར་དཔལ་འབྱོར་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་5222.4ཟིན་པ་དང་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་21295ཟིན་ཡོད་པ་རེད།

    དཔལ་འབྱོར་འཕེལ་རྒྱས་ཕྱིན་པ་དང་ཆབས་ཅིག་ད་ཡོད་ཀྱི་སྲོལ་རྒྱུན་གྱི་ཡུལ་མིའི་སྡོད་ཁང་དག་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་སྡོད་ཁང་གསར་སྐྲུན་བསྐྱར་བཟོ་བྱས་པ་དང་བསྟུན་ནས་ལོ་རེ་བཞིན་ཉུང་དུ་འགྲོ་བཞིན་ཡོད་སྟབས་སྲུང་སྐྱོང་ཐད་ཛ་དྲག་ཏུ་འགྲོ་བའི་དུས་བབ་དང་དཀའ་ངལ་འཕྲད་ཡོད། དེར་བརྟེན་2022ལོའི་ཟླ་4པ་ཚུན་དུ་རྫོང་ཨུད་དང་རྫོང་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་། ཤར་གསིང་མ་གྲོང་རྡལ་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་བྱ་ཐབས་སྣ་ཚོགས་སྤྱད་དེ་སྲོལ་རྒྱུན་གྱི་ཡུལ་མིའི་སྡོད་ཁང་སྲུང་སྐྱོང་གི་ལས་དོན་སྤེལ་ཡོད། ཟླ་7པའི་ཟླ་མཇུག་བར། ཤར་གསིང་མ་གྲོང་རྡལ་གྱི་ཁྲོམ་གཞུང་རྒྱབ་མདུན་ཉེ་འཁོར་ས་ཁོངས་ཀྱི་སྲོལ་རྒྱུན་གྱི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་སྡོད་ཁང་10ལ་བསྡོམས་བརྩིས་དང་གྲལ་བཤེར་བྱས་ཡོད་པ་རེད།

    ད་ཐེངས་ཀྱི་ཁ་གསབ་དངུལ་ནི་གྲོ་མོ་རྫོང་གིས་བཅར་འདྲི་ཤེས་རྟོགས་དང་བརྟག་ཞིབ་ཞིབ་ཕྲ་བྱས་རྗེས་འབྲེལ་ཡོད་ས་ཁོངས་ཀྱི་སྡོད་ཁང་དང་ཚོང་ཁང་གི་བོགས་གཏོང་རིན་གོང་ལ་གཞིགས་ནས་འབྲེལ་ཡོད་ཀྱི་ཚད་གཞི་ལྟར་སྤྲད་པ་ཞིག་རེད། བསྡོམས་རྩིས་བྱས་པར་གཞིགས་ན། ཁྲོམ་གཞུང་རྒྱབ་མདུན་ས་ཁོངས་སུ་སྲོལ་རྒྱུན་གྱི་ཡུལ་མིའི་སྡོད་ཁང་14ཡོད་པ་དེ་དག་དུད་ཚང་10ལྷག་ཙམ་དང་འབྲེལ་བ་ཡོད་པ་དང་འཛུགས་སྐྲུན་རྒྱ་ཁྱོན་ཁྱོན་སྨི་ངོས་གྲུ་1643.6ཡོད། 2023ལོ་དང་2024ལོར་ཁྱོན་ཁ་གསབ་དངུལ་སྒོར་ཁྲི་40ལྷག་ཙམ་སྤྲོད་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།