ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་གིས།
གནའ་བོའི་གྲོང་ཚོའི་རྡོ་ཁང་སྲུང་སྐྱོང་ལ་སྐུལ་འདེད་བཏང་བ།
ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་འོམ་བུ་ལྷོ་ཕྱོགས་གྲོང་ཚོའི་གནའ་བོའི་རྡོ་ཁང་ནི་ལོ་ངོ་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་མི་སེར་གྱི་ཁྱད་ལྡན་ཁང་པ་རེད། ཉེ་བའི་ལོ་ཤས་རིང་། ཉི་མ་རྫོང་གིས་འོམ་བུ་ལྷོ་ཕྱོགས་གྲོང་ཚོའི་གནའ་བོའི་རྡོ་ཁང་གཙོ་བོར་བྱས་པའི་གནའ་བོའི་གྲོང་ཚོ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བས་ཕན་འབྲས་གང་ལེགས་ཐོབ་ཡོད་པ་རེད།
ལོ་ངོ་མང་པོ་སོང་བའི་ཁར་ཆར་ཆུ་ཟགས་པའི་རྐྱེན་གྱིས་འོམ་བུ་ལྷོ་ཕྱོགས་གྲོང་ཚོའི་རྡོ་ཁང་མང་པོར་རྡིབ་ཉེན་ཆེན་པོ་ཡོད་པ་རེད། རྡོ་ཁང་ལ་སྲུང་སྐྱོང་བྱ་ཆེད། 2015ལོར་ཉི་མ་རྫོང་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་59བཏང་ནས་རྡོ་ཁང་30ལྷག་ཉོས་ཤིང་། སྲིད་གཞུང་གིས་གཅིག་གྱུར་སྲུང་སྐྱོང་བྱས་པ་མ་ཟད་2016ལོ་ནས་སྔ་རྗེས་སུ་རྡོ་ཁང་ལ་ཉམས་གསོ་ཐེངས་གཉིས་བྱས་ཡོད། 2022ལོའི་ཟླ་7པར། ཉི་མ་རྫོང་གིས་འོམ་བུ་ལྷོ་ཕྱོགས་གྲོང་ཚོའི་དོན་དངོས་ལ་གཞིགས་ནས“འཆར་མང་གཅིག་སྒྲིལ”གྱི་བེད་སྤྱོད་རང་བཞིན་གྱི་གྲོང་ཚོའི་འཆར་འགོད་བཟོས་ཤིང་།“རྒྱལ་ཁབ་རང་བྱུང་སྲུང་སྐྱོང་ཁུལ་དང་། འདམ་ར་གཙོ་བོ། གྲོང་ཚོ་ཉམས་གསོ”བཅས་ཟུང་འབྲེལ་བྱ་རྒྱུ་གཞི་རྟེན་གལ་ཆེན་དུ་བྱས་ནས་འཆར་འགོད་བྱས་ཏེ། ཁྱད་ཆོས་ཀྱིས་ཕྱུག་པའི་སྲོལ་རྒྱུན་གྱི་གནའ་བོའི་གྲོང་ཚོ་བསྐྲུན་པ་རེད།
འོམ་བུ་ལྷོ་ཕྱོགས་གྲོང་ཚོ་ནི་ཉི་མ་རྫོང་གི་ལྷོ་ནུབ་རྒྱུད་དུ་གནས་ཤིང་། འཁྲིས་སུ་དྭངས་ར་གཡུ་མཚོ་ཡོད་ཁར་རྟ་སྒོ་གངས་རིའི་ཚུར་རོལ་དུ་གནས་པ་དང་ཆ་སྙོམས་ས་བབ་སྨི་4800ཟིན་ཡོད། བཟོ་སྐྲུན་ཐོན་ཁུངས་མང་པོ་མེད་པའི་དབང་གིས་གྲོང་མི་ཚོས་ཡུལ་དེ་གའི་རྡོ་སྤྱད་ནས་ཁང་པ་རྒྱག་གི་ཡོད་ལ། ཁང་པའི་རྒྱུ་ཆ་ཕལ་ཆེ་བ་རྡོ་ཡིན་པ་རེད། ཚར་དུ་དངར་བའི་རྡོ་ཁང་མང་པོ་ལས་བབ་ཆགས་ལ་གནའ་ཉམས་དོད་པོའི་གྲོང་ཚོ་ཞིག་གྲུབ་པ་དང་། 2014ལོར་འོམ་བུ་ལྷོ་ཕྱོགས་གྲོང་ཚོ་དེ་ཉིད་ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོའི་མིང་གཞུང་ནང་བཅུག་པ་དང་། 2019ལོར་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོའི་མིང་གཞུང་ནང་བདམས་ཡོད་པ་རེད།