དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ལྷ་སའི་གྲངས་འཛིན་དཔལ་འབྱོར་ལ་བཀྲག་མདངས་འཚེར་ས་མང་བ།

  • ཡོང་ཁུངས།  དཔལ་འབྱོར་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཏའེ་ལིང་།   |     སྤེལ་དུས།  2023-10-05

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་གོ་སྐབས་ལ་དམ་འཛིན་ནན་པོ་བྱས་ནས། ས་གནས་དེ་གའི་ཁྱད་ཆོས་དང་ཐོན་ཁུངས་ཀྱི་མཁོ་སྤྲོད་ལ་གཞི་ཚུགས་པ་དང་། “གྲངས་འཛིན་གྲོང་དར”ལ་སྐུལ་འདེད་གཏིང་ཟབ་གཏོང་བ། “གྲངས་འཛིན་ལྷ་ས”འཛུགས་སྐྲུན་ལ་སྤྱི་འདོམས་བཀོད་ཇུས་བྱེད་པ། གྲངས་འཛིན་ཐོན་ལས་ཅན་དང་ཐོན་ལས་གྲངས་འཛིན་ཅན་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་གྲངས་འཛིན་ཆེན་པོའི་ཐོན་ལས་ཀྱི་རྟེན་གཞི་ནུས་ཤུགས་ཡོད་རྒུས་གཏོད་པ་བཅས་བྱས་ནས་ལྷ་སའི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་འཚམ་པའི་ཁྱད་ལྡན་ལམ་བུ་ཞིག་རིམ་བཞིན་འཚོལ་ཞིབ་བྱས་ཡོད།

    ན་ནིང་ལྷ་ས་གྲོང་ཁྱེར་གྱི་གྲངས་འཛིན་དཔལ་འབྱོར་གྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་55.62ཟིན་པ་དེ་དུས་མཚུངས་ལས་2.1%འཕར་ཞིང་། དེས་ལྗོངས་ཡོངས་ཀྱི་27.16%ཟིན་ནས“གྲངས་འཛིན་བོད་ལྗོངས”འཛུགས་སྐྲུན་ལ་འདེགས་སྐྱོར་གྱི་ནུས་པ་གལ་ཆེན་བཏོན་ཡོད།

    གྲངས་འཛིན་གྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་བ།

    “ཚལ་ཉོ་བར་ཕེབས། ཚལ་ཉོ་བར་ཕེབས། དེ་རིང་ཨོ་སུན་དང་། པད་ཚལ། ཀྲོ་མ་ཀྲུ་སོགས་འཚོང་རྒྱུ་ཡོད། ད་དུང་ཧོང་ཀྭ་རྒྱ་མ་གང་སྟེར་གྱི་ཡོད། གཡོན་ཟུར་གྱི་ཉོ་སྒྲུབ་འཁོར་སེར་ནང་བླུགས་ནས་དངུལ་སྤྲད་ཚེ་སྦྲག་སྲིད་མྱུར་སྐྱེལ་ལ་བསྐུར་གྱི་ཡོད”ཅེས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཐང་དཀར་ཤང་གི་སྔོ་ཚལ་དྲོད་ཁང་ཆེན་པོར་དྲ་ཐོག་ནས་ཚལ་འཚོང་མཁན་པད་མ་དབང་མོས“ཨ་ཅག་དབང་མོའི”ཐད་གཏོང་ཁང་ནས་སྔོ་ཚལ་འཚོང་སྐབས་བརྗོད་ཅིང་། ཐད་གཏོང་བརྙན་ལམ་ཧ་ཅང་གསལ་པོ་ཡོད།

    “ད་ཆ་ལྷ་སའི་དྲ་རྒྱ་ཧ་ཅང་ཡག་པོ་འདུག ཞིང་ནང་དང་མུ་ཁ་ནས་ཀྱང་ཐད་གཏོང་བྱེད་ཐུབ་ཀྱི་འདུག”ཅེས་པད་མ་དབང་མོས་བཤད་པ་དང་། ཁོང་གིས་འཛད་སྤྱོད་པས་ཞིང་ལས་ཐོན་རྫས་ཀྱི་སྐྱེ་འཚར་ཁོར་ཡུག་ཤེས་རྟོགས་གསལ་པོ་ཐུབ་ཚེ་ཚང་མས་ཉོ་འདོད་དེ་བས་ཆེ་བ་བྱེད་སྲིད། དྲ་རྒྱའི་རྨང་གཞིའི་སྒྲིག་བཀོད་འཕེལ་རྒྱས་ཕྱིན་པ་དང་སྦྲགས། ཞིང་ལས་ཐོན་རྫས་དེ་བས་རྒྱ་ཆེ་བའི་ཁྲོམ་རར་གཏོང་བར་རམ་འདེགས་ཐུབ་ཡོད་ཅེས་བརྗོད།

    ཐད་གཏོང་བྲིན་ཚོང་བྱེད་པའི་ལོ་ཤས་ནང་པད་མ་དབང་མོས་ཐག་རིང་ལུང་ཁུག་གི་གྲོང་གསེབ་མང་པོར་བསྐྱོད་ཡོད། “འབྲོག་ར་ཞིག་ཏུ་དྲ་རྒྱ་དེ་ཙམ་ཡག་པོ་མེད་པ་ཕུད། ས་ཆ་གཞན་གྱི་དྲ་རྒྱ་ཐད་གཏོང་གི་བླང་བྱ་དང་རྦད་དེ་མཐུན་གྱི་འདུག”ཅེས་ཁོ་མོས་བཤད། ལོ་འདི་དག་ནང་དྲ་རྒྱའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སྔར་བས་ལེགས་སུ་ཕྱིན་ཡོད།

    མིག་སྔར་ལྷ་སས“དྲ་ཆེན་ཀྲུང་གོའི”དཔེ་སྟོན་གྲོང་ཁྱེར་གྱི་འདུན་ཞུ་བདེ་བླག་བྱུང་བ་དང་། གྲོང་ཁྱེར་ཡོངས་ཀྱི་སྲིད་འཛིན་གྲོང་ཚོར་དྲ་ཆེན་ཤར་གཏོང་ཐུབ་ཚད་དང་། གཏན་འཇགས་དྲ་ཆེན་ཁྱིམ་ཚང་ལ་ཁྱབ་ཚད། གྲོང་ཁུལ་གྱི་འོད་ཁྲིད་ཚི་སྐུད་ཀྱི་དྲ་ཆེན་ཁྱབ་ཚད་བཅས་100%དང་། 96% 99%ཡན་བཅས་སོ་སོར་ཟིན་ཡོད། 4Gདྲ་རྒྱ་གྲོང་ཁྱེར་དང་། ཤང་གྲོང་རྡལ། འགྲིམ་འགྲུལ་མ་ལམ་གཙོ་བོ་བཅས་ལ་ཁྱབ་པ་དང་། 5Gའཕྲིན་གཏོང་ས་ཚིགས་4000བསྐྲུན་པ། ལྗོངས་ཡོངས་ཀྱི་སྔོན་དུ་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་སུ“རིམ་བཞིའི”དྲ་ཐོག་སྲིད་དོན་དྲ་རྒྱ་ཕྱོགས་ཡོངས་ལ་ཁྱབ་པ། སྲིད་གཞུང་གི་དྲ་ཚིགས་54དེ་དག་IPv6ལ་སྒྱུར་བཀོད་རིམ་སྤོར་བྱུང་ཡོད། གྲོང་ཁྱེར་ཡོངས་ཀྱི་ཚན་པ་23དང་སྡེ་ཚན་47གྱི་ལས་སྒོའི་མ་ལག་ལྷ་སའི་སྲིད་དོན་སྤྲིན་སྟེགས་སུ་བདེ་འཇགས་ངང་འཁོར་སྐྱོད་བྱེད་བཞིན་ཡོད།

    ལྷ་སས་ད་དུང་རྩིས་རྒྱག་ནུས་པའི་མ་ལག་ནུས་ཤུགས་ཡོད་རྒུས་ལེགས་སུ་བཏང་ནས། ལྷ་སའི་ས་ཁོངས་རང་བཞིན་གྱི་རྒྱལ་སྤྱིའི་འཕྲིན་གཏོང་ལས་སྒོའི་ཕྱིར་གཏོང་ནང་འདྲེན་ཅུས་ཚོད་ལྟའི་འཁོར་སྐྱོད་ལ་སྐུལ་འདེད་བཏང་སྟེ་རྒྱལ་སྤྱིའི་གྲངས་གཞིའི་ཆེད་སྤྱོད་ལས་སྒོ་དང་རྒྱལ་སྤྱིའི་དྲ་སྦྲེལ་གྱི་འབྲེལ་མཐུད་ལས་སྒོ་སྤེལ་བས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་གྲངས་གཞིའི་བགྲོད་ལམ་ཆེན་པོ་ཤར་གཏོང་ཐུབ་ཡོད།

    ནུས་སྤྲོད་ཐོན་ལས་ལེགས་སྒྱུར་རིམ་སྤོར་བྱས་པ།

    ལྷ་ས་ནོར་བུ་གླིང་ཁའི་མཛེས་ལྗོངས་ཁུལ་གྱི་སྒོ་འགྲམ་དུ་ཡུལ་སྐོར་བས“ལྷ་སའི་ཡུལ་སྐོར”གྱི་སྤྱི་རྟགས་ནས་གྲངས་འཛིན་ཡུལ་སྐོར་གཱ་ཡི་དྲ་ངོས་ཕྱེ་ནས“ཨང་བཤེར་གླིང་འཛུལ”ཞེས་པར་མནན་ཏེ་རྩ་གཉིས་ཨང་རྟགས་བཤེར་ཚེ་ནོར་བུ་གླིང་ཁར་འཛུལ་ཐུབ་པ་མ་ཟད། བང་སྒྲིག་ནས་སྤ་སེ་ཉོ་དགོས་ཀྱི་མེད། འདི་ལོའི་ཡུལ་སྐོར་ཉིན་མོར་ལྷ་ས་གྲོང་ཁྱེར་ཡུལ་སྐོར་སྡེ་ཚན་གྱིས་གྲངས་འཛིན་ཡུལ་སྐོར་གཱ་བཏོན་ཡོད། གཱ་དེ་ཡོད་ན་གཱ་ནང་ཚུད་པའི་མཛེས་ལྗོངས་ཁུལ་20ལྷག་ཙམ་ལ་རིན་པ་མི་དགོས་པར་ཡུལ་སྐོར་བྱེད་ཆོག

    ཡུལ་སྐོར་ཐོན་ལས་ནི་ལྷ་སའི་ཀ་རྟེན་ཐོན་ལས་ཡིན་ཞིང་། ལྷ་སས་རིག་ལྡན་ཡུལ་སྐོར་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་གྲངས་འཛིན་ཅན་གྱི་ཐོན་སྐྱེད་ནུས་ཤུགས་འཛུགས་སྐྲུན་ལ་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་སྟེ། གྲོང་ཁྱེར་ཡོངས་ཀྱི་Aརིམ་པའི་མཛེས་ལྗོངས་ཁུལ་23ལ“རིག་ལྡན་ཡུལ་སྐོར་འབོའི”ལག་ཐོགས་ཁ་པར་གྱི་APPསྔོན་མངགས་མ་ལག་སྒྲིག་སྦྱོར་བྱས་ཡོད། ད་ཆ་མཛེས་ལྗོངས་ཁུལ་དེ་དག་ལ་རྩ་གཉིས་ཨང་རྟགས་བཤེར་ཚེ་རིག་ལྡན་ཡུལ་སྐོར་སྣེ་ཤན་དང་གློག་རྡུལ་འགྲེལ་བཤད་བྱེད་ཐུབ། ལྷ་སས་དྲ་ཐོག་དང་དྲ་ཕྱི་གཞི་གཅིག་ཅན་དང་མཉམ་འདྲེས་ཅན་གྱི་རིག་ལྡན་ཡུལ་སྐོར་གྱི་ལས་རྣམ་གསར་པ་གཏོད་པར་གཞོལ་ནས། ཡུལ་སྐོར་དཔལ་འབྱོར་སླར་གསོ་དང་རིམ་སྤོར་རྣམ་པའི་ཡུལ་སྐོར་མཉམ་འདྲེས་ལ་ནུས་པ་འདོན་སྤྲོད་བྱས་ཡོད། མིག་སྔར་ལྷ་སའི་རིག་ལྡན་ཡུལ་སྐོར་མཛེས་ལྗོངས་ཁུལ་ཁྱབ་ཚད་65.5%ཟིན་ཡོད།

    གཞན་ཡང་ལྷ་ས་གྲོང་ཁྱེར་གྱིས་གྲངས་འཛིན་ཐོན་ལས་ཅན་ལ་སྐུལ་འདེད་ཧུར་ཐག་བཏང་ཞིང་། ལྷག་པར་དུ་ཉེ་བའི་ལོ་གཉིས་ནང་ལྷ་སའི་གྲངས་འཛིན་ཐོན་ལས་འཕེལ་རྒྱས་མྱུར་པོ་བྱུང་ཡོད། གྲོང་ཁྱེར་ཡོངས་སུ་རྒྱལ་ཁབ་ཀྱི་མཛོད་བཅུག་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་གི་འོས་བབ་ལྡན་པའི་ཁེ་ལས་ཁྱོན་236ཡོད་པ་དེས་ལྗོངས་ཡོངས་ཀྱི་86.8%བཟུང་བ་དང་། དེའི་ནང་མཉེན་ཆས་ཆ་འཕྲིན་ཁེ་ལས་160ཙམ་ཡོད།

    ལྷ་ས་གྲོང་ཁྱེར་གྱི་མཐོ་གསར་ཁུལ་གྱིས་མ་དངུལ་སྒོར་དུང་ཕྱུར་5.2བཏང་ནས་བོད་ཀྱི་གྲངས་འཛིན་དཔལ་འབྱོར་ཐོན་ལས་གླིང་དང་གྲངས་འཛིན་དཔལ་འབྱོར་ཐོན་ལས་སྐྱོང་གསོ་ཁུལ་ཐོག་མ་བསྐྲུན་པ་དང་། ཁེ་ལས་21དེའི་ནང་ཞུགས་པ་དང་འབྲེལ་གཉེར་སྐྱོང་བྱེད་འགོ་ཚུགས་ཡོད། མཐོ་གསར་ལག་རྩལ་ཁུལ་གཞི་རྟེན་དུ་བྱས་ནས་ལྷ་སས་གྲངས་འཛིན་ཁེ་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བར་རྒྱབ་སྐྱོར་བྱས་ཏེ། འགྲན་རྩོད་ནུས་པ་ལྡན་པའི་གྲངས་འཛིན་ཐོན་ལས་ཁྱུ་ཚོགས་བཏོད་ཡོད། མིག་སྔའི་བར་ལྷ་ས་མཐོ་གསར་ཁུལ་དུ་རིམ་རྩིས་བྱས་ན་གྲངས་འཛིན་དཔལ་འབྱོར་རིགས་ཀྱི་ཁེ་ལས་2213ཐོ་འགོད་བྱས་ཡོད།

    ཕན་འབྲས་ཆེ་ལ་སྟབས་བདེ་པོས་དམངས་འཚོར་ཞབས་འདེགས་ཞུས་པ།

    དབྱར་ཟླ་བདུན་པར་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ངར་ནང་ཤང་ལྷ་ཁང་གྲོང་ཚོར་འབྲི་གཡག་ཁྱུ་དང་ཁྱུ་ཚོགས་འབྲོག་རར་རྩྭ་ཆུར་ཅི་དགར་རོལ་བཞིན་ཡོད་ལ་འབྲོག་པ་རྣམས་ཁྱིམ་དུ་ཕྱུགས་འཚོའི་མཉེན་ཆས་ལ་བརྟེན་ནས་ཕྱུགས་འཚོ་བཞིན་ཡོད། དེ་ནི་རིག་ལྡན་འབྲི་གཡག་དོ་དམ་མ་ལག་བཀོལ་སྤྱོད་བྱས་ནས་ཕན་པ་ཐོབ་པ་ཞིག་རེད།

    “དེ་སྔོན་འབྲི་གཡག་བརླགས་ཚེ་ང་ཚོས་གང་སར་འཚོལ་བར་ཕྱིན་ནའང་རྙེད་པའི་ངེས་པ་མེད། ད་ཆ་མ་ལག་འདི་ཡོད་པས་ང་ཚོས་འབྲི་གཡག་གང་དུ་ཡོད་མེད་དང་བདེ་ཐང་ཡོད་མེད་སོགས་ཚང་མ་ཤེས་ཐུབ”ཅེས་ལྷ་ཁང་གྲོང་ཚོའི་ཡུལ་མི་ཟླ་བས་བཤད།

    མ་ལག་ཞིབ་འཇུག་གསར་སྤེལ་བྱེད་མཁན་ལྷ་ས་གྲངས་འཛིན་དཔལ་འབྱོར་ཐོན་ལས་ཚོགས་པ་ཚད་ཡོད་ཀུང་སིའི་ལས་དོན་པ་ཧྥུང་ཅན་ཧྲང་གིས། འབྲི་གཡག་ལ་གནས་གཏན་འཁེལ་གྱི་ཡོ་བྱད་བསྒར་བ་དང་གློག་རྡུལ་ལྕགས་ཁྲ་བཙུགས་ཡོད། གྲངས་འཛིན་ནུས་སྤྲོད་ལ་བརྟེན་ནས་ཞིང་འབྲོག་པས་འབྲི་གཡག་དོ་དམ་ཐུབ་པས་གྲོང་གསེབ་དར་རྒྱས་ཡོང་ཐུབ་ཅེས་གསར་འགོད་པར་བཤད་བྱུང་།

    ལྷ་སའི་གྲོང་མི་བདེ་ཆེན་མཚོ་མོས་ཉིན་ལྟར་རླངས་འཁོར་བཏང་ནས་ལས་ཀར་འགྲོ་སྐབས་སཱ་པོ་ཐང་ཆེན་གྱི་ལམ་བཞི་མདོ་ཁ་བརྒྱུད་དགོས་ཀྱི་ཡོད། འདི་ལོ་ཁོང་གིས་ལམ་མདོའི་གློག་སྒྲོན་དམར་པོ་དང་ལྗང་ཁུ་སྒུག་པའི་དུས་ཚོད་དེ་བས་ལུགས་མཐུན་དུ་གྱུར་པ་ཤེས་རྟོགས་བྱུང་ཡོད། དེ་སྔ་ལྷ་ས་གྲོང་ཁྱེར་གྱིས་ལམ་མདོ་དེར་རིག་ལྡན་འགྲིམ་འགྲུལ་གྱི་ཚོད་ལྟ་བྱས་པ་དང་མིག་སྔར་གྲོང་ཁྱེར་ཡོངས་ཀྱི་ལམ་མདོ་དྲུག་ཚོད་ལྟ་བྱ་ཡུལ་ནང་བཅུག་ཡོད།

    དེ་ནི་ཆ་འཕྲིན་ཀུན་གསལ་གྱི་ལམ་མདོའི་འཆར་འགོད་ཇུས་གཞི་ཡིན་པ་དང་། རྩིས་རྒྱག་སྟངས་ལ་བརྟེན་ནས་འགྲིམ་འགྲུལ་གློག་སྒྲོན་གྱི་དུས་ཚོད་ལུགས་མཐུན་བཀོད་སྒྲིག་བྱས་ཏེ། རླངས་འཁོར་གྱིས་གློག་སྒྲོན་དུས་ཚོད་རིང་པོ་སྒུག་མི་དགོས་པར་ཚང་མའི་འགྲོ་སྐྱོད་དེ་བས་སྟབས་བདེ་རུ་ཕྱིན་ནས་རླངས་འཁོར་ལམ་མདོར་འགག་པའི་སྣང་ཚུལ་ཞི་ལྷོད་དུ་ཕྱིན་ཡོད།

    “ད་ཆ་ཆུ་རིན་དང་གློག་རིན་ཚང་མ་དྲ་ཐོག་ནས་སྐྱེལ་ཐུབ་ཀྱི་འདུག་ལ་དོན་དག་མང་པོ་ཞིག་ཀྱང་དྲ་ཐོག་ནས་ཐག་ཆོད་ཀྱི་འདུག”ཅེས་ལྷ་སའི་གྲོང་མི་ཉི་མ་གཡུ་སྒྲོན་གྱིས་བཤད། གྲངས་འཛིན་ལག་རྩལ་གྱིས་འཚོ་བར་སྔར་བས་སྟབས་བདེ་སྐྲུན་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།