དབུ་ཤོག
  • ལྷོ་ཁ་གྲོང་ཁྱེར་གྱིས་མ་འཇོག་དོན་འཁྱོལ་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-10-05

     བོད་ལྗོངས་S5ལམ་ཐིག་ལྷ་ས་ནས་རྩེད་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལྷོ་ཁའི་ལམ་དུམ་རྒྱུད་ཀྱི་ཡུལ་ལྗོངས་ཡིན་པ།

    འདི་ལོ་ཚུན་དུ། ལྷོ་ཁ་གྲོང་ཁྱེར་གྱིས་སྤྱོད་ཚུལ་ལེགས་གཏོང་དང་མ་འཇོག་དོན་འཁྱོལ་ལས་དོན་ལ་དམ་འཛིན་ནན་པོ་བྱེད་རྒྱུར་སྤྱི་འདོམས་སྐུལ་འདེད་བཏང་ཐོག་དམིགས་ཚད་ལས་འགན་ལ་དམིགས་པ་དང་། ལས་དོན་གྱི་འགན་འཁྲི་དོན་འཁྱོལ། བཀོད་གཏོང་དང་ལྟ་སྐུལ་མཛུབ་ཁྲིད་བྱེད་ཤུགས་ཆེར་གཏོང་། འགག་རྩའི་གཙོ་གནད་འབུར་དུ་ཐོན་པ་བཅས་བྱས་པས། གྲོང་ཁྱེར་ཡོངས་ཀྱི་མ་འཇོག་དོན་འཁྱོལ་ལས་དོན་ལ“འགྱུར་ལྡོག་གསུམ”བྱུང་ཡོད།

    “སྤྱི་ཙམ”ནས“ཞིབ་ཚགས་ཅན”བར་འགྱུར་ལྡོག་བྱུང་བ།

    “ཟླ་ཕྱེད་བཀོད་གཏོང་སྐུལ་འདེད་དང་ཟླ་རེར་རྩིས་བཤེར་གྲོས་མོལ་བྱེད་པའི”ལས་དོན་གྱི་ལམ་སྲོལ་ལག་བསྟར་དང་། སྤྱི་བསྒྲགས་དང་དྲན་སྐུལ་ལམ་ལུགས་བཙུགས་པ། ལས་ཀར་དྲན་སྐུལ་གསལ་ཐོ་18དུས་ཐོག་ཏུ་གཤམ་སྤྲོད་བྱས་ནས་སྡེ་ཚན་9ལ་མཐུན་སྦྱོར་ཐེངས་12བྱས་པ་སོགས་པའི་ལས་དོན་མང་པོ་སྤེལ་བ་དང་། ཞིབ་ཕྲའི་འགན་འཁྲི་ཡོད་པའི་ཚན་པའི་འགན་འཁྲི་ནན་ཏུ་གཏོང་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས“མ་འཇོག་དོན་འཁྱོལ་ལས་དོན་ལ་དམ་འཛིན་བྱེད་པའི་ལོའི”ཆེད་དོན་ཚན་ཁག་བཙུགས་ཐོག གྲོང་ཨུད་སྤྱོད་ཚུལ་འཛུགས་སྐྱོང་གཞུང་དོན་ཁང་དང་མཉམ་དུ་རྫོང(གྲོང་ཁྱེར་དང་ཆུས)12ཀྱི་མི་དམངས་སྲིད་གཞུང་དང་དེ་བཞིན་རྣམ་གྲངས་དང་འབྲེལ་བ་ཡོད་པའི་སྡེ་ཚན་24ལ《ལོ་འཁོར་གྱི་མ་འཇོག་དོན་འཁྱོལ་ལས་དོན་ལ་སྔར་བས་དམ་འཛིན་བྱེད་རྒྱུའི་སྐོར་གྱི་བརྡ་ཐོ》དང《ལོ་འཁོར་གྱི་ཚོང་འགུགས་མ་འདྲེན་རྣམ་གྲངས་ཀྱི་མ་འཇོག་དོན་འཁྱོལ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་སྐུལ་སྤེལ་འཆར་གཞིའི་རྫོང(གྲོང་ཁྱེར་དང་ཆུས)དང་སྡེ་ཚན་ཁག་གི་རྣམ་གྲངས་རེ་རེ་བཞིན་ཞིབ་ཅིང་ཕྲ་བ་བཟོས་ཡོད། ཟླ་དྲུག་པའི་ཟླ་མཇུག་བར། གྲོང་ཁྱེར་ཡོངས་ཀྱིས་གཏན་འཇགས་རྒྱུ་ནོར་ལ་མ་རྩ་སྒོར་དུང་ཕྱུར་54.55བཞག་པ་དེ་དུས་མཚུངས་ལས་2.2%འཕར་ཡོད་པ་རེད།

    ལྷོ་ཁ་གྲོང་ཁྱེར་ཆུ་བེད་ཅུས་ཀྱིས“མ་འཇོག་དོན་འཁྱོལ་ལས་དོན་ལ་དམ་འཛིན་བྱེད་པའི་ལོའི”ལག་བསྟར་ཇུས་གཞི་དང་སྟབས་བསྟུན་བཀོད་གཏོང་སྐུལ་སྤེལ་རེའུ་མིག་བཟོས་ནས་ལག་བསྟར་བྱས་ཐོག ཟླ་བ་རེ་རེ་དང་འགན་འཁྲི་བ་རེ་རེར་ལས་འགན་ཞིབ་ཕྲ་བཟོས་ནས་རྣམ་གྲངས་འཛུགས་སྐྲུན་ལ་རྗེས་སྙེག་དང་། དབྱེ་ཞིབ། མཐུན་སྦྱོར། ཞབས་ཞུ་བཅས་བྱེད་པའི་ལས་དོན་ཁག་སྤེལ་ཤུགས་ཆེ་རུ་བཏང་བ་དང་། ཞིབ་ཚགས་ཅན་གྱི་ལས་དོན་བཀོད་གཏོང་བརྒྱུད་ཟླ་དྲུག་པའི་ཟླ་མཇུག་བར། ལྷོ་ཁ་གྲོང་ཁྱེར་གྱི་ཆུ་བེད་རྣམ་གྲངས་ལས་ཚུགས་བསྐྱར་ཚུགས་ཐུབ་ཚད་94%ཟིན་པ་དང་ལོ་འཁོར་གྱི་མ་འཇོག་ལེགས་གྲུབ་བྱུང་ཚད་76%ལས་བརྒལ་ཡོད་པ་རེད།

    གནད་དོན་ལ་ཁ་གཏད་མི་གཅོག་རང་གཅོག་བྱེད་པ་ནས་སྔོན་ཚུད་ནས་ཐག་གཅོད་བྱེད་པའི་བར་འགྱུར་ལྡོག་བྱུང་བ།

    ལྷོ་ཁ་གྲོང་ཁྱེར་གྱིས་མ་དངུལ་གནས་སར་འབྱོར་ཡང་ལས་འགོ་ཚུགས་མེད་པ་དང་། འཕེལ་རིམ་འགོར་བ། མ་འཇོག་ཡག་པོ་མ་བྱུང་བ། དུས་ཚོད་ཀྱི་མཚམས་ཚིགས་ལྟར་དོན་འཁྱོལ་མ་བྱས་པ་བཅས་ཀྱི་རྣམ་གྲངས་དང་དེ་བཞིན་ཚན་པ་ཁག་ལ་ཟླ་བ་རེ་རེར་དུས་བཀག་ལྟར་ལྟ་སྐུལ་མཛུབ་ཁྲིད་བྱས་པ་དང་། ཟླ་རེའི་ཚེས་1ནས་7ཉིན་བར་མ་འཇོག་ཁག་བསྡོམས་རྩིས་ནང་འཇུག་པ་དང་། ཚེས་1ནས་15ཉིན་བར་རྣམ་གྲངས་མཛོད་འཇུག་བྱེད་པ། ཚེས་25ནས་31ཉིན་བར་དཔང་རྟགས་ཀྱི་དུས་ཚོད་ཀྱི་མཚམས་ཚིགས་དང་ལས་འགན་གྲ་སྒྲིག་ཆ་ཚང་བཅས་བྱས་ཏེ། བསྡོམས་རྩིས་རྒྱག་དགོས་རིགས་ཚང་མར་བསྡོམས་རྩིས་རྒྱག་པ་དང་ནང་འཇུག་བྱེད་དགོས་རིགས་ཚང་མ་ནང་འཇུག་བྱེད་རྒྱུར་འགན་ལེན་བྱས་པ་དང་། ཟླ་དྲུག་པའི་ཟླ་མཇུག་བར། གྲོང་ཁྱེར་ཡོངས་ཀྱིས་རིམ་རྩིས་བྱས་ན་རྒྱལ་ཁབ་ཀྱི་གཙོ་ཆེའི་འཛུགས་སྐྲུན་རྣམ་གྲངས་མཛོད་དུ་རྣམ་གྲངས་310བཅུག་པ་དང་དེའི་མ་རྩ་བསྡོམས་འབོར་སྒོར་དུང་ཕྱུར་90.4ཟིན་ཡོད་པ་རེད།

    རྣམ་གྲངས་སྐུལ་སྤེལ་ཁྲོད་ཀྱི་དཀའ་གནད་དུས་ཐོག་ཏུ་ཤེས་རྟོགས་བྱས་ནས་མཐུན་སྦྱོར་ཐག་གཅོད་བྱ་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས“གདན་འདྲེན་ཞུ་བ་དང་། གཤམ་ལ་སྐྱོད་པ། ཡུལ་དངོས་ནས་སྒྲུབ་པ”བཅས་ཀྱི་ལས་དོན་སྒྲུབ་སྟངས་བརྒྱུད་གྲོང་ཨུད་ཀྱི་འགོ་ཁྲིད་གཙོ་བོས་རུ་སྣེ་ཁྲིད་དེ་གོང་དཀར་གནམ་ཐང་གི་རྒྱུག་ལམ་གཉིས་པ་སྐྲུན་ཡུལ་དུ་བསྐྱོད་ཐོག་ས་གནས་དེ་གའི་མང་ཚོགས་ལས་མིར་བསྡུ་བ་དང་། འཕྲུལ་ཆས་སྤྱོད་པ། གཞུང་ལམ་དང་ཆུ་ཡུར་གྱི་ལམ་ཐིག་སྒྱུར་བ། མ་འཇོག་བསྡོམས་རྩིས་ནང་འཇུག་པ་སོགས་ཞིབ་ཕྲའི་གནད་དོན་ལ་ངོ་འཕྲད་གདོང་ཐུག་གིས་མཐུན་སྦྱོར་བྱས་པ་དང་། ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་སྐུལ་སྤེལ་གནད་དོན་ལ་དམིགས་ནས། གྲོང་ཨུད་ཀྱི་འགོ་ཁྲིད་གཙོ་བོས་བརྟག་ཞིབ་གཏིང་ཟབ་བྱས་པའི་རྨང་གཞིའི་ཐོག་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་ནས་ཁེ་ལས་ཁག་གི་བསམ་འཆར་དང་གྲོས་འགོ་གང་ལེགས་ཉན་པ་དང་འབྲེལ། ཁེ་ལས་ཀྱི་ཁ་ཚ་དགོས་གཏུག་གི་གནད་དོན་ཐག་གཅོད་ཀྱང་བྱས་པ་རེད། ཚོང་འགུགས་མ་འདྲེན་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་ཆེད། གྲོང་ཁྱེར་སྲིད་གཞུང་གི་འགོ་ཁྲིད་ཀྱིས་རུ་སྣེ་ཁྲིད་དེ་ལྗོངས་ཕྱིར་ཚོང་འགུགས་མ་འདྲེན་བྱེད་སྒོ་སྤེལ་བ་དང་སྦྲགས། ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ་དང་སྲིད་ཚོང་དབར“ཉེ”“གཙང”འབྲེལ་བ་བཙུགས་ཏེ། གྲོང་ཁྱེར་ཡོངས་ཀྱི་ཚོང་འགུགས་མ་འདྲེན་ལས་དོན་ལ་ཚད་བརྒལ་གསར་པ་ཡོང་བར་སྐུལ་འདེད་བཏང་བ་རེད།

    དུས་ཐོག་སྐུལ་སྤེལ་ནས་སྐུལ་འདེད་ཏན་ཏིག་གཏོང་བར་འགྱུར་ལྡོག་བྱུང་བ།

    ལྷོ་ཁ་གྲོང་ཁྱེར་གྱིས་ནུས་རྒྱུ་གཙང་མའི་ཐོན་ཁུངས་འགྲན་རྩོད་རང་བཞིན་གྱིས་བཀོད་སྒྲིག་བྱེད་པའི་ལས་དོན་སྤེལ་ཚུན། ལས་སྒྲུབ་ཆེད་དོན་ཚན་ཁག་གིས་ཉིན་52ཀྱི་དུས་ཚོད་ནང་ཁྲོམ་ར་ཅན་དང་འགན་ལེན་རང་བཞིན་གྱི་དྲ་སྦྲེལ་འོད་ཤུགས་གློག་འདོན་རྣམ་གྲངས་ཁག་གཉིས་ཀྱི་འགྲན་རྩོད་རང་བཞིན་གྱི་བཀོད་སྒྲིག་ཡིག་ཆ་རྩོམ་སྒྲིག་དང་། གསལ་བསྒྲགས་ཡོངས་བསྒྲགས། མཇུག་འབྲས་ཡོངས་བསྒྲགས། བདམས་ཐོན་བྱུང་བའི་བརྡ་ཐོ་སོགས་ཀྱི་ལས་དོན་ལེགས་གྲུབ་བྱུང་བ་དེ་དག་རྣམ་གྲངས་7དང་འབྲེལ་བ་ཡོད་ལ། གློག་འདོན་ཤུགས་ཁྱོན་KWཁྲི་190ཟིན་པ་དང་། འཆར་གཞི་ལྟར་ན་མ་དངུལ་དུང་ཕྱུར་43.2གཏོང་རྩིས་ཡོད་པ། འབྲེལ་ཡོད་ལས་དོན་ལ་རང་སྐྱོང་ལྗོངས་ནུས་རྒྱུ་ཅུས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད།

    ཞིབ་བཤེར་ཆོག་མཆན་འགོད་པའི་དུས་ཚད་སྔར་བས་ཐུང་དུ་དང་། ལས་ཕྱོད་ཆེ་རུ། རྣམ་གྲངས་ལག་བསྟར་བྱེད་མགྱོགས་སུ་བཅས་གཏོང་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས་ལོ་འཁོར་གྱི་དམིགས་ཚད་ལས་འགན་དོན་འཁྱོལ་བྱེད་པར་ཕྱོགས་ཡོངས་ནས་བསམ་གཞིག་བྱས་པ་དང་ཆབས་ཅིག ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་དང་གྲོང་གསེབ་དར་རྒྱས་སོགས་གཙོ་གནད་ཁྱབ་ཁོངས་མངོན་གསལ་དོད་པོ་ཡོང་བར་བྱས་ནས། ཡུག་སྦྲེལ་ཞིབ་མཆན་འགོད་པ་དང་། མཉམ་དུ་ཞིབ་མཆན་འགོད་པ། ཆད་རུང་ཞིབ་མཆན་འགོད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཞིབ་མཆན་འགོད་པའི་བརྒྱུད་རིམ་ཡང་བསྐྱར་སྟབས་བདེ་རུ་བཏང་བ་རེད།

    ལྷོ་ཁ་གྲོང་ཨུད་ཀྱི་རྒྱུན་ཨུ་རྒྱུན་ལས་ཧྲི་ཀྲང་གཞོན་པ་མུའུ་ཡུང་ཝུན་གྱིས། ལྷོ་ཁ་གྲོང་ཁྱེར་གྱིས་སྒོ་དབྱེར་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་དང་གཉིས་ཕན་ལ་བརྟེན་ནས་མཉམ་ལས་དོན་གཉེར་བྱེད་རྒྱུ་མུ་མཐུད་མཐའ་འཁྱོངས་ཀྱིས་སྤུས་ལེགས་ཀྱི་ཚོང་གཉེར་ཁོར་ཡུག་དང་། ཁྲིམས་སྐྱོང་ཁོར་ཡུག སྲིད་དོན་ཁོར་ཡུག་བཅས་ནུས་ཤུགས་ཡོད་རྒུས་བཏོད་ནས། བྱ་གཞག་གཏོད་སའི་གནས་མཆོག་དང་། རྒྱུ་ནོར་གསོག་སའི་ཞིང་ཁམས། སྡོད་མལ་ལ་འཚམ་པའི་ཁྱིམ་གཞིས་བཅས་མུ་མཐུད་བཏོད་དེ་མ་འཇོག་ལས་དར་གྱི་གར་སྟེགས་གསར་པ་དང་འབྲས་བཟང་སྨིན་པའི་ཞིང་ཁམས་སུ་འགྱུར་བ་བྱེད་ཀྱི་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།