ལྷ་གཞིས་མྱུར་བགྲོད་གཞུང་ལམ་གྱི་བར་ཐང་རི་བོའི་ཕུག་ལམ་ཏལ་འབིགས་ཐུབ་པ།
ཟླ་10ཚེས་1ཉིན་གཡག་རྔ་ནས་ཡེ་ཁྲེང་བར་གྱི་རྒྱལ་ཁབ་མྱུར་བགྲོད་གཞུང་ལམ་གྱི་ལྷ་ས་ནས་གཞིས་རྩེའི་གནམ་ཐང་བར་གྱི་གཞུང་ལམ(ལྷ་གཞིས་མྱུར་བགྲོད་གཞུང་ལམ་ཞེས་བསྡུ་རྒྱུ)གྱི་ཕུག་ལམ་རིང་ཤོས་ཏེ། བར་ཐང་རི་བོའི་ཕུག་ལམ་ཏལ་འབིགས་ཐུབ་པ་དེ་ཐོག་ནས་ལྷ་གཞིས་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་ལ་སླར་ཡང་འཕེལ་རིམ་གལ་ཆེན་བྱུང་བ་མཚོན་ཡོད།
བར་ཐང་རི་བོའི་ཕུག་ལམ་ནི་ལྷ་གཞིས་མྱུར་བགྲོད་གཞུང་ལམ་གྱི་དུས་ཐེངས་གཉིས་པའི་ལས་གྲྭའི(དཀྱིལ་གྱི་དུམ་བུ)གཙོ་གནད་དང་དཀའ་གནད་ཀྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་ཞིང་། ཀྲུང་གོ་ལྕགས་ལམ་ཅུས་ཉེར་གཅིག་པས་སྐྲུན་འགན་འཁུར་ཡོད། བར་ཐང་རི་བོའི་ཕུག་ལམ་རྒྱུད་དུ་ཆ་སྙོམས་ས་བབ་མཐོ་ཚད་སྨི་3760ཟིན་པ་དང་། གཡོན་གྱི་ལམ་ཐིག་ཧྲིལ་པོར་སྨི་4587ཡོད་པ། གཡས་ཀྱི་ལམ་ཐིག་ཧྲིལ་པོར་སྨི་4573ཡོད་པས་ལྷ་གཞིས་མྱུར་བགྲོད་གཞུང་ལམ་གྱི་ཕུག་ལམ་རིང་ཤོས་དེ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་པའི་ལྷ་གཞིས་མྱུར་བགྲོད་གཞུང་ལམ་གྱི་དུས་ཐེངས་གཉིས་པའི་ལས་གྲྭའི(དཀྱིལ་གྱི་དུམ་བུ)སྤྱིའི་རིང་ཚད་ལ་སྤྱི་ལེ་91.108ཟིན་པ་དང་། ཟམ་པ་དང་ཕུག་ལམ་གྱིས་71.64%ཟིན་གྱི་ཡོད།