དགེ་སློབ་ཀྱི་སེམས་ཀྱི་ཞིང་ས་གཤིན་པོར་མཐུན་སྒྲིལ་གྱི་མེ་ཏོག་རབ་ཏུ་བཞད།
—— ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་མི་རིགས་མཐུན་སྒྲིལ་སྐོར་གྱི་གཏམ་རྒྱུད།
“ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་ནི་1962ལོར་བཙུགས་པ་དང་། ད་ཆ་དེ་གར་བོད་རིགས་དང་། རྒྱ་རིགས། ཧུད་རིགས་སོགས་མི་རིགས་ཀྱི་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་3200ལྷག་ཙམ་ཡོད”ཅེས་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་སློབ་སྤྱི་ལིའུ་ཆོན་ཧྭ་ཡིས་གསར་འགོད་པར་བཤད།
ལོ་མང་རིང་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་ལ་སྔ་རྗེས་སུ་རྒྱལ་ཡོངས་ཀྱི“མེ་ཏོག་དམར་པོའི་མཉམ་སྡེབ”དང་རྒྱལ་ཡོངས་ཀྱི“སྐེ་དར་དམར་པོའི་དཔེ་སྟོན་སློབ་གྲྭ”སོགས་ཀྱི་གཟི་བརྗིད་མཚན་སྙན་མང་པོ་ཐོབ་ཡོད། བགྲང་བྱ་61གི་འཕེལ་རྒྱས་ལོ་རྒྱུས་ཁྲོད་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་དགེ་སློབ་ཚོའི་སེམས་ཀྱི་ཞིང་ས་གཤིན་པོར་མི་རིགས་མཐུན་སྒྲིལ་གྱི་ས་བོན་བཏབ་ཡོད།
མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་དེ་སློབ་སྦྱོང་དང་། ལག་ལེན། རིག་རྩལ་བཅས་ནང་མཉམ་འདྲེས་ཐུབ་པར་བྱས་ནས། སློབ་མ་མི་རེ་ངོ་རེས་མཐུན་སྒྲིལ་ཤེས་པ་དང་། མཐུན་སྒྲིལ་ལ་དགའ་ཞེན། མཐུན་སྒྲིལ་ལ་སྲུང་སྐྱོང་བཅས་བྱས་ཡོད། དེ་ནི་ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་བཀྲག་མདངས་འཚེར་ས་ཞིག་རེད།
ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་དགེ་རྒན་སྒྲོལ་མས་ངོ་སྤྲོད་བྱས་པར་གཞིགས་ན། སློབ་གྲྭས་རིག་ཚན་ཁག་དང་ལོ་རིམ་ཁག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་ཟུང་འབྲེལ་བྱེད་ས་སྔར་བས་ཞིབ་ཚགས་སུ་བཏང་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་དེ་སློབ་ཁྲིད་ཀྱི་ནང་དོན་དུ་བཅུག་ཡོད། དཔེར་ན། ཚོགས་ཆུང་ཁག་བགོས་ཀྱིས་བརྗོད་དོན་གཙོ་བོར་ཕྱོགས་བསྡུས་རྩད་ཞིབ་བྱས་ནས་ཀྲུང་ཧྭ་མི་རིགས་ཁག་གི་ཡུལ་སྲོལ་གོམས་གཤིས་ཤེས་རྟོགས་བྱེད་པ་དང་། རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་སོགས་བརྗོད་གཞིའི་གློག་བརྙན་བལྟས་ནས་ཕྲུ་གུ་རྣམས་ཀྱི་སེམས་ཀྱི་ཞིང་སར“མི་རིགས་ང་དྲུག་ཁྱིམ་ཚང་གཅིག་ལྟར་ཡིན་པའི”འདུ་ཤེས་བརྟན་པོ་འཛུགས་ཐུབ་པར་བྱེད་ཀྱི་ཡོད།
ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་དུ་ད་དུང“ཀྲུང་གོའི་དགེ་རྒན་ཡག་པོའི”སྤྱི་ཕན་ལས་སྟེགས་བཙུགས་ནས། ཆུ་ཤུར་རྫོང་རྟ་དཀར་ཤང་སློབ་ཆུང་དང་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་རྡོ་སྣུམ་རྫས་འགྱུར་བཟོ་ལས་སློབ་ཆུང་སོགས་སློབ་གྲྭ་མང་པོར་བསྐྱོད་དེ། ཆེད་དོན་འཆད་ཁྲིད་དང་གྲོང་གསེབ་ཏུ་སློབ་ཁྲིད་བྱེད་པའི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་དེ་རིགས་ལ་ས་གནས་དེ་གའི་སློབ་གསོའི་སྡེ་ཚན་དང་སློབ་གྲྭའི་ཚད་མཐོའི་གདེང་འཇོག་ཐོབ་པ་དང་། རྫོང་དང་ཤང་གི་སློབ་གྲྭ་མི་ཉུང་བ་ཞིག་གིས་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་ཁྱབ་འགྱེད་ཆེ་རུ་བཏང་ནས“ཀྲུང་གོའི་དགེ་རྒན་ཡག་པོའི”སྤྱི་ཕན་བྱེད་སྒོ་མུ་མཐུད་སྤེལ་རྒྱུའི་རེ་བ་བྱེད་ཀྱི་ཡོད།
“འཛིན་གྲྭའི་ནང་གི་སློབ་མ་ཚང་མ་འཆམ་པོ་ཡོད་ལ། གདེང་ཚོད་ཆེ་བ་དང་སྤྲོ་སེམས་ཀྱང་ཆེན་པོ་ཡོད། ངས་སློབ་ཁང་དུ་དྲི་བ་འདོན་རིམ་བཞིན་ཕྲུ་གུ་ཚོས་དྲི་བར་ལན་ཧུར་ཐག་རྒྱག་གི་རེད”ཅེས་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་དགེ་རྒན་ལི་ཤོན་ཨང་གིས་བརྗོད་པ་དང་། ཁོང་ནི་ལོ་ན་གཞོན་པའི་བོད་སྐྱོར་དགེ་རྒན་ཞིག་རེད།
ལི་ཤོན་ཨང་གིས་གསར་འགོད་པར་བརྗོད་དོན། རང་ཉིད་བོད་སྐྱོར་ལ་ཡོང་དོན་ནི་མེས་རྒྱལ་གྱི་དགོས་མཁོ་ཆེ་ཤོས་ཀྱི་ས་ཆར་ལང་ཚོའི་རིན་ཐང་མངོན་པར་བྱ་རྒྱུ་དེ་ཡིན། དེ་ནི་དུས་རབས་གསར་པའི་གཞོན་ནུ་ཞིག་གི་དོར་ཐབས་མེད་པའི་འགན་འཁྲི་རེད། ཁོང་གིས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་བོད་ཀྱི་སློབ་གསོའི་བྱ་གཞག་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུའི་རེ་བ་བྱེད་ཀྱི་ཡོད།
“མིག་སྔར། ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་དུ་པེ་ཅིང་གི་བོད་སྐྱོར་དགེ་རྒན་15ཡོད་པ་དང་། སློབ་གྲྭས་ཐོན་ཁུངས་དེ་དག་གང་ལེགས་སྤྱད་དེ་ཕྱོགས་ཁག་གི་སྟོབས་ཤུགས་སྐོང་འཐེན་བྱས་ནས། བྱེད་སྒོ་སྣ་ཚོགས་སྤེལ་རིང་ས་གནས་དེ་གའི་སློབ་མ་དང་པེ་ཅིང་གི་སློབ་མའི་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་གི་ཡོད”ཅེས་ལིའུ་ཆོན་ཧྭ་ཡིས་བཤད།