དམངས་ཕན་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་། དམངས་འཚོའི་དྲོ་སྐྱིད་ཀུན་ལ་ཁྱབ་པར་བྱས།
—— ལྷ་ས་གྲོང་ཁྱེར་གྱིས་བྱེད་ཐབས་སྣ་མང་སྤྱད་ནས་སྨན་བཅོས་སྒྱུར་བཅོས་ཀྱི་ཕན་འབྲས་མུ་མཐུད་ཆེ་རུ་བཏང་བའི་སྐོར་བཀོད་པ།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་སྨན་བཅོས་འགན་བཅོལ་གྱི་དམངས་ཕན་བྱེད་ཐབས་མང་པོ་བཏོན་ནས་སྨན་བཅོས་སྒྱུར་བཅོས་ཀྱི་ཕན་འབྲས་མུ་མཐུད་ཆེ་རུ་བཏང་སྟེ་དམངས་ཕན་སྲིད་ཇུས་རེ་རེ་དང་དམངས་ཕན་དོན་དངོས་རེ་རེ་དོན་འཁྱོལ་བྱས་ནས་དམངས་འཚོའི་དྲོ་སྐྱིད་དང་བདེ་སྐྱིད་ཚོར་སེམས་མུ་མཐུད་ཆེ་རུ་བཏང་བ་རེད།
ཉེ་བའི་ལོ་ཤས་རིང་། ལྷ་སའི་སྨན་བཅོས་འགན་བཅོལ་སྲིད་ཇུས་ཀྱི་འཕོ་འགྱུར་སྐོར་གླེང་སྐབས། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྨན་བཅོས་འགན་སྲུང་ཅུས་ཀྱི་ལས་དོན་པ་ཉི་མ་སྒྲོལ་དཀར་གྱིས་སྲིད་ཇུས་སྔར་བས་འཐུས་སྒོ་ཚང་དུ་དང་། ཞབས་ཞུ་སྔར་བས་སྟབས་བདེ། ཐོབ་ཐང་སྔར་བས་ལེགས་པ་བཅས་ཡོད་ཅེས་བརྗོད་པ་རེད།
2019ལོར་སྒྲིག་གཞི་སྒྱུར་བཅོས་བྱས་པ་བརྒྱུད། རང་ལྗོངས་ཀྱི་རིམ་ཁག་སྨན་བཅོས་འགན་སྲུང་སྡེ་ཚན་བཙུགས་ཤིང་། ལོ་ལྔའི་རིང་ཉི་མ་སྒྲོལ་དཀར་གྱིས་སྲིད་ཇུས་ཁག་དང་ལེ་ལག་ཚང་བའི་ཞབས་ཞུས་དམངས་ལ་སྟབས་བདེ་བསྐྲུན་པའི་དཔང་པོ་བྱས་པ་རེད། འགན་བཅོལ་ལ་ཞུགས་པའི་ཐོ་འགོད་ཀྱི་ཆ་ནས་བལྟས་ན། དེ་སྔ་སྨན་བཅོས་འགན་བཅོལ་ལྟེ་གནས་སུ་བསྐྱོད་ནས་ཐོ་འགོད་བྱེད་དགོས་ཀྱི་ཡོད་མོད། ད་ཆ“བོད་ཀྱི་སྨན་བཅོས་འགན་བཅོལ”གྱི་སྤྱི་རྟགས་ནས་ཐད་ཀར་འགན་བཅོལ་ལ་ཞུགས་ཆོག་གི་ཡོད། འགན་བཅོལ་ལ་ཞུགས་པའི་གྲོན་དངུལ་འཇལ་བའི་ཆ་ནས་བལྟས་ན། དེ་སྔ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིས་ཐེམ་ཐོ་གནས་སའི་སྡེ་ཁུལ་ཨུ་ལྷན་དུ་བསྐྱོད་ནས་གྲོན་དངུལ་འཇལ་དགོས་ཀྱི་ཡོད་མོད། ད་ཆ་སྐད་འཕྲིན་ནམ་ཡང་ན་གཏོང་སྤྲོད་འབོ་ནས་ཐད་ཀར་གྲོན་དངུལ་འཇལ་ཆོག་གི་ཡོད། སྨན་བཅོས་འགན་བཅོལ་གྱི་འགྲོ་སོང་རྩིས་ཞུའི་ཆ་ནས་བལྟས་ན། དེ་སྔོན་སྨན་ཁང་དུ་སྨན་བཅོས་བྱེད་པར་འགྲོ་སྐབས་སྔོན་ལ་དངུལ་སྨར་རྩིས་རྒྱག་དགོས་པ་དང་དེ་རྗེས་སྨན་བཅོས་འགན་བཅོལ་སྐར་ཁུང་དུ་རྩིས་ཞུ་བྱེད་པར་འགྲོ་དགོས་ཀྱི་ཡོད་མོད། ད་ཆ་གཱ་ཁྱེར་ནས་ཐད་ཀར་རྩིས་ཞུ་བྱེད་ཆོག་གི་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་། སྨན་བཅོས་འགན་བཅོལ་སྲིད་ཇུས་འཕེལ་རྒྱས་ཀྱི་འཕོ་འགྱུར་དང་བསྟུན་ནས་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་འགན་སྲུང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བཞིན་ཡོད་པ་དང་། གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་ཐོབ་ཐང་ཡང་ཉིན་རེ་ལས་མ་འདས་པར་ལེགས་སུ་འགྲོ་བཞིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་2023ལོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱིས་གྲོན་དངུལ་འཇལ་བའི་ཚད་གཞི་གཤམ་གསལ་ཏེ། ཚད་གཞི་ལྟར་ན་མི་རེར་སྒོར་160དང་སྒོར་350འཇལ་བའི་གྲོན་འཇལ་རིམ་པ་གཉིས་ཡོད་པ་དང་། “གྲོང་ཁྱེར་དང་གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་རོགས་སྐྱོབ་བསྙེན་བཀུར་བྱ་ཡུལ་དང་། དྭ་ཕྲུག དབང་སྐྱོན་ཚབས་ཆེན། 6065ཡི་མི་སྣ”བཅས་ལ་སྲིད་གཞུང་གིས་རིམ་པ་མཐོ་ཤོས་ལ་གཞིགས་ནས་ཚབ་སྤྲོད་བྱེད་ཀྱི་ཡོད་པས། མི་སྒེར་གྱིས་གྲོན་དངུལ་འཇལ་དགོས་ཀྱི་མེད། “མ་མཐའི་འཚོ་བའི་འགན་ལེན་གྱི་རོགས་སྐྱོབ་བྱ་ཡུལ་དང་། གྲོང་གསེབ་ཀྱི་དབུལ་ལོག་མི་འབོར། དབུལ་སྒྲོལ་བརྟན་པོ་མེད་པའི་དུད་ཚང་། གློ་བུར་དུ་དཀའ་ངལ་འཕྲད་ནས་དབུལ་པོར་གྱུར་བའི་དུད་ཚང་། མཐའ་མཚམས་ཀྱི་དབུལ་པོར་འགྱུར་སླ་བའི་དུད་ཚང་། མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ། དཀའ་ངལ་ཡོད་པའི་ལས་བཟོ། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཞན་དག(རྫོང་རིམ་པ་དང་དེ་ཡན་གྱི་སྲིད་གཞུང་གིས་ཁས་ལེན་པ)”བཅས་ཡིན་ཚེ་མི་སྒེར་གྱིས་སྒོར་35འཇལ་དགོས་པ་དང་དེ་བྱིངས་སྨན་བཅོས་རོགས་སྐྱོབ་མ་དངུལ་གྱིས་ཚབ་སྤྲོད་བྱེད་ཀྱི་ཡོད་པ་རེད།
ཉི་མ་དང་མཚམས་གཅོད་བཟའ་ཚོ་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚེ་སྨོན་གླིང་སྡེ་ཁུལ་གྱི་གྲོང་མི་ཡིན་པ་དང་། ལྷ་ས་གྲོང་ཁྱེར་གྱི་ཁང་གླ་དམའ་བའི་བོགས་གཏོང་སྡོད་ཁང་གི་མཛེས་ལྡན་ཁྱིམ་གཞིས་ཁུལ་ཆུང་དུ་འཚོ་སྡོད་བྱེད་ཀྱི་ཡོད། ལོ་ཁ་ཤས་གོང་། ཉི་མར་གཅིན་སྙི་ཟགས་ཁུའི་ནད་དང་ཁྲག་ཤེད་མཐོ་བའི་ནད་ཕོག་པ་ཤེས་ནས་ཡུན་རིང་སྨན་གཏོང་འགོ་ཚུགས་པས། སྨན་རིན་མང་པོ་འགྲོ་ཡི་ཡོད་པ་རེད། “སྨན་རིན་དང་། བརྟག་དཔྱད་ཀྱི་རིན་པ། སྨན་ཁང་ལ་སྡོད་པའི་སྨན་རིན་སོགས་ཟླ་གཅིག་ལ་སྒོར་2000ཙམ་འགྲོ་ཡི་འདུག”ཅེས་མཚམས་གཅོད་ཀྱིས་བཤད། འགན་བཅོལ་ལ་ཞུགས་མཁན་མང་ཚོགས་ཁྲོད་ཁོང་དང་འདྲ་བར་རྨང་གཞིའི་ནད་ཕོག་མཁན་མང་པོ་ཡོད། དེར་བརྟེན། རྒྱལ་ཁབ་ཀྱིས་སྒོ་བསྟེན་སྨན་བཅོས་ཀྱི་དམིགས་བསལ་ནད་རིགས་ངོས་འཛིན་གཏན་འཁེལ་གྱི་སྲིད་ཇུས་བཏོན་པ་དང་། སྒོ་བསྟེན་སྨན་བཅོས་ཀྱི་སྨན་རིན་ཡང་སྨན་ཁང་དུ་སྡོད་པའི་འགྲོ་གྲོན་དང་འདྲ་བར་བསྡུར་ཚད་ལྟར་རྩིས་ཞུ་བྱེད་ཆོག་གི་ཡོད། ཕྱིས་སུ་ཉི་མས་ཀྱང་སྲིད་ཇུས་དེ་ལོངས་སྤྱོད་ཐུབ་ནས་ཁོང་ཚོའི་ཁྱིམ་ཚང་གི་དཔལ་འབྱོར་ཁུར་པོ་ཧ་ཅང་ཡང་དུ་ཕྱིན་ཡོད། “ད་ཆ་ང་ཚོས་ལེན་ཐེངས་གཅིག་ལ་ཟླ་གསུམ་གྱི་སྨན་ལེན་ཆོག་པ་མ་ཟད། ད་དུང་སྨན་རིན་སྒོར་སུམ་བརྒྱ་བཞི་བརྒྱ་ཙམ་ལས་སྤྲོད་དགོས་ཀྱི་མིན་འདུག་པས་དངོས་འབྲེལ་ཡག་པོ་འདུག”ཅེས་མཚམས་གཅོད་ཀྱིས་བཤད།