བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བརྗིད་ཆེའི་དམིགས་ཚད་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས།
—— ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་74འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ།
བརྗིད་ཆེའི་འཆར་འགོད་ཀྱིས་མི་སེམས་ལ་སྐུལ་མ་ཐེབས་པ་དང་དུས་རབས་ཀྱི་དུང་བརྡས་འབད་འབུངས་ཀྱི་ངར་ཤུགས་འཕེལ། ཟླ་10ཚེས་1ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་74འཁོར་ཞིང་། སྤྱིར་བཏང་མིན་པའི་ལོ་ཟླ་དང་། འགྱུར་ལྡོག་སྣ་ཚོགས་བརྒྱུད་ཀྲུང་གོའི་ས་གཞི་ཆེན་པོར་དེ་བས་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོ་དེ་བས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རང་རྟོན་རང་དར་དེ་བས་ཆེ་རུ་ཕྱིན་པ་བཅས་བྱུང་ནས་བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བརྗིད་ཆེའི་དམིགས་ཚད་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད།
སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དེར་ཀྲུང་ཧྭ་མི་རིགས་ཀྱི་བསམ་འདུན་དང་རེ་བ་བཅོལ་ཡོད། ལོ་74ཡི་རིང་རང་རྒྱལ་འདི་ཉིད་དབུལ་ཞིང་ཕོངས་པ་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་དུ་གྱུར་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རྒྱང་ལམ་གསར་པར་བསྐྱོད་པ་དེ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་དཀའ་སྤྱད་འབད་འཐབ་བྱས་ནས་ཐོབ་པའི་གྲུབ་འབྲས་ཆེན་པོ་ཞིག་རེད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་འབད་འབུངས་མདུན་སྐྱོད་ཀྱིས་ཀྲུང་གོ་གསར་པ་དབུ་བརྙེས་པ་དང་ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཡུན་རིང་འཚོལ་ཞིབ་དང་ལག་ལེན་གྱི་རྨང་གཞིའི་ཐོག་མུ་མཐུད་མདུན་སྐྱོད་བྱས་པས་རིགས་པའི་གཞུང་ལུགས་དང་ལག་ལེན་ཐད་གསར་གཏོད་ཚད་བརྒལ་རྒྱུན་ཆད་མེད་པར་བྱུང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གྲུབ་འབྲས་ཐོབ་པའི་ངང་སྐུལ་འདེད་དང་རྒྱ་སྐྱེད་བཏང་ཡོད། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ཡང་དག་པའི་ལམ་བུ་གཅིག་པུ་དེ་བརྒྱུད་ང་ཚོས་དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་པ་དང་དུས་བཀག་ལྟར་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པར་བསྐྱོད་དེ་ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོ་ཆགས་པ་ནས་སྟོབས་ཆེར་ཕྱིན་པའི་བར་གྱི་འཕུར་མཆོང་རླབས་པོ་ཆེ་བསུས་ཡོད། ཀྲུང་གོས་མིའི་རིགས་ཡར་ཐོན་དང་འཛམ་གླིང་སྤྱི་སྙོམས་ཆེན་པོ་དོན་གཉེར་བྱེད་པའི་ལྡོག་མེད་ལམ་བུ་དེ་བརྒྱུད་ང་ཚོས་བློ་བརྟན་འགྱུར་མེད་ངང་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་པ་དང་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་གྱི་ཕྱོགས་སུ་ལངས་ཏེ། ཡང་དག་པའི་འགྲོ་ལམ་ཐོག་བསྐྱོད་པ་དང་དྲང་བདེན་གྱི་བྱ་གཞག་བསྒྲུབས་ནས་སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གཏིང་ཟབ་དང་ཏན་ཏིག་བྱེད་པར་རྒྱུན་མཐུད་སྐུལ་འདེད་བཏང་སྟེ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུབ་འབྲས་གསར་པར་བརྟེན་ནས་འཛམ་གླིང་འཕེལ་རྒྱས་ལ་གོ་སྐབས་གསར་པ་བཏོད་དེ་མིའི་རིགས་ཀྱིས་དེང་རབས་ཅན་གྱི་འགྲོ་ལམ་འཚོལ་ཞིབ་བྱེད་པར་རམ་འདེགས་གསར་པ་མཁོ་འདོན་དང་མིའི་རིགས་ཀྱི་སྤྱི་ཚོགས་ཀྱིས་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གསར་གཏོད་བྱེད་པར་ལེགས་སྐྱེས་གསར་པ་ཕུལ་ཡོད།
དེང་གི་འཛམ་གླིང་ལ་འཕོ་འགྱུར་དང་ཟང་ཟིང་སྣོལ་མར་འཕྲད་པ་དང་། ལོ་བརྒྱའི་འགྱུར་ལྡོག་ཆེན་པོ་མགྱོགས་མྱུར་འགྲོ་བཞིན་ཡོད་པས་རང་རྒྱལ་གྱི་འཕེལ་རྒྱས་ལ་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁའི་འགྲན་སློང་མཉམ་དུ་གནས་ཡོད། གོ་སྐབས་དང་དུས་བབ་ང་ཚོའི་ཕྱོགས་སུ་ཡོད་པས་དེ་ནི་ང་ཚོའི་ངེས་ཤུགས་དང་གདིང་ཤུགས་གནས་ས་ཡིན་ལ་ང་ཚོའི་ཆོད་སེམས་དང་གདེང་ཚོད་གནས་ས་ཡང་ཡིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་74འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱང་ལམ་གསར་པར་ང་ཚོའི་མདུན་ལམ་འོད་ཟེར་ལྡན་པ་ཞིག་ཡོད་མོད། འོན་ཀྱང་རྐང་འོག་གི་ལམ་བུ་དེ་ཙམ་བདེ་པོ་ཡོང་མི་སྲིད། མཐུན་སྒྲིལ་ནི་སྟོབས་ཤུགས་དང་གདེང་ཚོད་གསེར་ལས་ལྷག”ཅེས་གསུངས་ཡོད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་ཐོག་མཐའ་བར་གསུམ་དུ་མཐོན་པོར་བསྒྲེངས་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དུ་བསྐྱོད་རྒྱུ་མཐའ་འཁྱོངས། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་ཀྱི་བཀོད་ཇུས་ལ་མཐུན་སྦྱོར་ངང་སྐུལ་འདེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བཅས་བྱས་ཚེ་རང་རྒྱལ་འཕེལ་རྒྱས་དང་ཡར་ཐོན་གྱི་ལས་དབང་དེ་རང་ཉིད་ཀྱི་ལག་ཏུ་བརྟན་པོར་བཟུང་ཐུབ་ནས་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་གཏོད་ཐུབ་ངེས་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་། གཞན་གྱི་སྔོན་ལ་སྐྱོད་ཕོད་པ། ངལ་བ་དང་དུ་བླངས་ནས་ཡར་བརྩོན་བྱེད་པ་བཅས་ཀྱི་འབད་འཐབ་ཀྱི་ཉམས་འགྱུར་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་། རང་འགན་ཐེག་པ་འཁུར་ལེན་དང་ཐབས་རྩོད་བྱེད་ཕོད་པ་དང་བྱེད་མཁས་པོ་བྱས་ཚེ་གཞི་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེར་རྒྱལ་ཁའི་ངང་སྐུལ་འདེད་གཏོང་ཐུབ”ཅེས་ནན་བཤད་གནང་ཡོད། རྒྱང་ལམ་གསར་པར་འབད་འབུངས་བྱེད་པར་ང་ཚོས་ལོ་རྒྱུས་ཀྱི་རང་འགུལ་ཆེ་རུ་གཏོང་བ་དང་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། བློ་སྟོབས་དང་། ལ་རྒྱ། གདིང་ཤུགས་བཅས་ཆེ་རུ་གཏོང་བ། དཀའ་ངལ་ཁྱད་དུ་བསད་ནས་མདུན་སྐྱོད་དང་ངལ་བ་དང་དུ་བླངས་ནས་ཡར་བརྩོན་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་མདུན་སྐྱོད་ལམ་བུའི་ཐོག་གི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་ནས་ཞུམ་མེད་ཀྱི་འཐབ་རྩོད་ལ་བརྟེན་ཏེ་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས་པ་དང་། “མཐུན་སྒྲིལ་འབད་འཐབ་ནི་ཀྲུང་གོ་མི་དམངས་ཀྱིས་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གཏོད་པའི་ལྡོག་མེད་ཀྱི་ལམ་བུ་ཡིན་པར”ངོས་འཛིན་གཏིང་ཟབ་བྱས་ནས་ཏང་གི་དར་ཆའི་འོག“སྲ་ཞིང་བརྟན་པའི་ངར་ལྕགས་ལྟ་བུའི”མཐུན་སྒྲིལ་བྱས་ཏེ་བསམ་བློ་ཕྱོགས་གཅིག་ལ་གཏོང་བ་དང་། ཤུགས་ཕྱོགས་གཅིག་ལ་རྒྱག་པ། རྡོག་རྩ་གཅིག་ཏུ་སྒྲིལ་བ་བཅས་བྱས་ནས་ཀྲུང་གོའི་ཕུགས་འདུན་མཉམ་དུ་མངོན་འགྱུར་བྱེད་པའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལས་འགན་ཨང་དང་པོ་ཡིན་པ་བློ་ལ་བརྟན་པོར་ངེས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་བཏོད་ནས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཧུར་ཐག་བྱེད་དགོས།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ང་ཚོར་འགྲན་ཟླ་བྲལ་བའི་དུས་རབས་ཀྱི་གར་སྟེགས་ཆེན་པོ་དང་། འགྲན་ཟླ་བྲལ་བའི་ལོ་རྒྱུས་ཀྱི་ནང་དོན་ཟབ་མོ། འགྲན་ཟླ་བྲལ་བའི་མདུན་སྐྱོད་ཀྱི་ངེས་ཤུགས་ཆེན་པོ་བཅས་ལྡན་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་ངར་སེམས་ཆེར་སྐྱེད་དང་མཐུན་སྒྲིལ་འབད་འཐབ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཡངས་པའི་འགྲོ་ལམ་ཐོག་དུས་རབས་ཀྱི་བརྗིད་ཆེའི་ལེའུ་རྩོམ་དགོས།