ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་74འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུ་པེ་ཅིང་དུ་འཚོགས་པ།
ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ། ལི་ཆང་གིས་གཙོ་སྐྱོང་གནང་བ། ཀྲའོ་ལེ་ཅི་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་བཅས་ཚོགས་འདུར་ཞུགས་པ།
ཟླ་9ཚེས་28ཉིན་གྱི་དགོང་མོ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་74འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་སྣེ་ལེན་ཚོགས་འདུར་ཞུགས་པ་དང་གསུང་བཤད་གལ་ཆེན་གནང་བ།
ཟླ་9ཚེས་28ཉིན་གྱི་དགོང་མོ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་74འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་ཤིང་། ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་ཀྲུང་ཕྱིའི་མི་སྣ་དགའ་སྤྲོ་མཉམ་འཛོམས་གནང་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཁྲུངས་སྐར་ལ་མཉམ་དུ་རྟེན་འབྲེལ་ཞུས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཚེས་28ཉིན་གྱི་དགོང་མོ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་74འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུ་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་སྣེ་ལེན་ཚོགས་འདུར་ཞུགས་པ་དང་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས་རྒྱང་ལམ་གསར་པར་ང་ཚོའི་མདུན་ལམ་འོད་ཟེར་ལྡན་པ་ཞིག་ཡོད། མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན། གདེང་ཚོད་ནི་གསེར་ལས་ལྷག ང་ཚོས་གདེང་ཚོད་བརྟན་པོ་དང་། སྙིང་སྟོབས་ཆེར་སྐྱེད། མཐུན་སྒྲིལ་འབད་འཐབ་བཅས་བྱས་ནས་མུ་མཐུད་གྱེན་འཛེག་དཀའ་སྒྲོལ་དང་འགག་སྒྲོལ་དཀའ་སེལ་བྱས་ཏེ། བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བརྗིད་ཆེའི་དམིགས་ཚད་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ལི་ཆང་གིས་སྣེ་ལེན་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཀྲའོ་ལེ་ཅི་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་བཅས་སྣེ་ལེན་ཚོགས་འདུར་ཞུགས་ཡོད་པ་རེད། ཀྲུང་གོ་དང་ཕྱི་རྒྱལ་གྱི་མི་སྣ་800ཙམ་དགའ་སྤྲོ་མཉམ་འཛོམས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཁྲུངས་སྐར་ལ་མཉམ་དུ་རྟེན་འབྲེལ་ཞུས་པ་རེད།
མི་དམངས་ཚོགས་ཁང་ཆེ་མོའི་གསོལ་སྟོན་ཚོམས་ཆེན་དུ་གློག་འོད་ཆེམ་ཆེམ་དུ་འཕྲོ་བ་དང་མེ་ཏོག་སྣ་ཚོགས་རབ་ཏུ་བཞད་ཅིང་བཀྲ་ཤིས་པའི་དུས་ཆེན་གྱི་རྣམ་པ་ཟབ་མོ་མངོན། ཀྲུའུ་ཞི་སྡིངས་ཆའི་སྟེང་བརྗིད་ཉམས་ལྡན་པའི་རྒྱལ་རྟགས་བཀལ་ཡོད་པ་དང་། “1949 2023”ཞེས་ལོ་གྲངས་མཚོན་ཞིང་མངོན་གསལ་དོད་པའི་ཨང་ཀི་ཆེན་པོ་དམར་མདངས་བཀྲ་བའི་དར་དམར་སྟེང་དེ་བས་ཁྲ་ལྷམ་མེར་མངོན།
ཆུ་ཚོད་17དང་སྐར་མ་30ཙམ་ལ། སྤྲོ་སྣང་ལྡན་པའི《མགྲོན་བསུའི་རོལ་དབྱངས》ཁྲོད་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་གསོལ་སྟོན་ཚོམས་ཆེན་དུ་ཕེབས་ནས་ཚང་མར་ཕྱག་གཡུག་གཡུག་གནང་སྟེ་གུས་ལན་ཞུས་པས་ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས།
སྣེ་ལེན་ཚོགས་འདུ་འགོ་ཚུགས་སྐབས། ཚོགས་ར་ཡོངས་ཀྱི་མི་རྣམས་ཡར་བཞེངས་ནས་སྐད་གསང་མཐོན་པོས་རྒྱལ་གླུ་བཏང་བ་དང་རྔམ་བརྗིད་ལྡན་པའི《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》ཚོམས་ཆེན་ཡོངས་སུ་གྲགས།
ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་དང་ཐོག་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ཏེ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག དམངས་གཙོའི་ཏང་ཤོག་ཁག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུས་པ་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། སྤུན་ཟླ་ཐའེ་དབན་བ། ཕྱིར་སྡོད་རང་མི་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་བ་མ་ཟད། ཀྲུང་གོའི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་མཛའ་གྲོགས་རྒྱལ་ཁབ་དང་རྒྱལ་སྤྱིའི་གྲོགས་པོ་ཚོར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུང་བཤད་ནང་བསྟན་དོན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་74ཡི་རིང་རང་རྒྱལ་འདི་ཉིད་དབུལ་ཞིང་ཕོངས་པ་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པ་མ་ཟད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རྒྱང་ལམ་གསར་པར་བསྐྱོད་ཡོད། དེ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དཀའ་སྤྱད་འབད་འཐབ་བྱས་ནས་ཐོབ་པའི་གྲུབ་འབྲས་ཧ་ཅང་ཆེན་པོ་ཞིག་རེད། འདི་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་ཚུགས་ལོ་རེད། ང་ཚོས་ཏོག་གསར་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་དང་། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ནས། དཔལ་འབྱོར་རྒྱུན་མཐུད་སླར་གསོ་ཐུབ་པར་སྐུལ་འདེད་ཧུར་ཐག་བཏང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ། ས་ཁུལ་ལ་ལའི་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེར་ཁ་གཏད་ནུས་ལྡན་བཅག་པ། ཕྱི་ཕྱོགས་སྒོ་དབྱེ་དང་། ཚན་རྩལ་གསར་གཏོད། ལྗང་མདོག་འཕེལ་རྒྱས་བཅས་ལ་སྐུལ་འདེད་ཧུར་ཐག་བཏང་བ། བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་བཅས་བྱས་པས། དཔལ་འབྱོར་སྤྱི་ཡོངས་བསྐྱར་འཕར་བྱུང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་ཐེབས་པ། འབྲུ་རིགས་ཐོན་སྐྱེད་ལ་ལོ་ལེགས་ཡོང་རེ་ཡོད་པ། མི་དམངས་ཀྱི་འཚོ་བ་མུ་མཐུད་ལེགས་སུ་ཕྱིན་པ། སྤྱི་ཚོགས་དུས་བབ་རྒྱུན་མཐུད་བརྟན་ལྷིང་། རང་རྒྱལ་གྱི་ལུས་རྩལ་པས་ཁྲེང་ཏུའུ་སློབ་གྲྭ་ཆེ་མོ་བའི་ལུས་རྩལ་འགྲན་ཚོགས་དང་ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཐོག་གཡུར་ཟའི་གྲུབ་འབྲས་བཏོད་ཡོད། གྲུབ་འབྲས་དེ་དག་ལས་སླ་པོར་ཐོབ་པ་ཞིག་མིན་པ་མ་ཟད། མི་རྣམས་ལ་སྐུལ་ལྕག་ཟབ་མོ་ཐེབས་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔར་འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འཕེལ་འགྱུར་འགྲོ་བཞིན་པ་དང་རྒྱལ་སྤྱིའི་ཁོར་ཡུག་ལ་འགྱུར་ལྡོག་གཏིང་ཟབ་བྱུང་ནས་ང་ཚོའི་མདུན་སྐྱོད་ཀྱི་ལམ་བུར་ད་དུང་ཉེན་ཁ་དང་འགྲན་སློང་མང་པོ་འཕྲད་ངེས། ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་འཛུགས་པ། གཞི་ཆེའི་སྟངས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱལ་ནང་གི་ནུས་ལྡན་གྱི་དགོས་མཁོ་ཆེ་རུ་གཏོང་བར་ཤུགས་སྣོན་རྒྱག་པ། གཉེར་སྐྱོང་བྱེད་པོའི་གསོན་ཤུགས་ནུས་ཤུགས་ཡོད་རྒུས་འཕེལ་བར་བྱེད་པ། དཔལ་འབྱོར་འཁོར་སྐྱོད་མུ་མཐུད་ལེགས་སུ་གཏོང་བ་དང་། ནང་སྐྱེས་སྒུལ་ཤུགས་མུ་མཐུད་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་སྔོན་དཔག་མུ་མཐུད་ལེགས་སུ་གཏོང་བ་བཅས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ། ཉེན་ཁ་ཆེན་པོ་འགོག་ཟོན་དང་སེལ་བ་བཅས་བྱས་ཏེ། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཧུར་ཐག་བྱེད་དགོས། ང་ཚོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བར་དམིགས་ཏེ། སྒྱུར་བཅོས་མུ་མཐུད་དང་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། སྒྲིག་སྲོལ་དང་། སྒྲིག་ལམ། དོ་དམ། ཚད་གཞི་སོགས་ཀྱི་ལམ་ལུགས་རྣམ་པའི་སྒོ་དབྱེ་བརྟན་པོའི་ངང་རྒྱ་ཆེར་གཏོང་བ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཤར་བགྲོད་ཐུབ་པ་བཅས་བྱས་ནས། དཔལ་འབྱོར་འཕེལ་རྒྱས་ལ་གཉེན་ཤུགས་དང་གསོན་ཤུགས་དེ་བས་ལྡན་པར་བྱེད་དགོས། ང་ཚོས་མི་དམངས་ཀྱི་ཉིན་རེ་བཞིན་གོང་མཐོར་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་བར་དམིགས་ནས། དམངས་འཚོ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་ཞུགས་རྒྱ་ཆེར་གཏོང་བར་ཤུགས་སྣོན་རྒྱག་པ། མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ། དཀའ་ངལ་ཡོད་པའི་ཚོགས་སྤྱིའི་ཐ་སྐྱོང་རོགས་སྐྱོར་ལ་ཤུགས་སྣོན་རྒྱག་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ང་ཚོས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཛད་ཕྱོགས་མུ་མཐུད་ཕྱོགས་ཡོངས་དང་། ཡང་དག བློ་བརྟན་འགྱུར་མེད་བཅས་ཀྱིས་ལག་ལེན་བསྟར་ཏེ“རྒྱལ་གཅེས་པས་ཤང་ཀང་སྐྱོང་བ”དང“རྒྱལ་གཅེས་པས་ཨའོ་མོན་སྐྱོང་བའི”རྩ་དོན་དོན་འཁྱོལ་བྱེད་པ་དང་། ཤང་ཀང་དང་ཨའོ་མོན་གྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ལ་རྒྱབ་སྐྱོར་བྱེད་པ། རང་ངོས་ཀྱི་ཁྱད་ཆོས་དང་ལེགས་ཆ་འདོན་པ། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན་ལ་ཧུར་ཐག་ཞུགས་པ་བཅས་བྱས་ཏེ་ཤང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་བརྟན་ལྷིང་ཡོང་བ་རྒྱུན་འཁྱོངས་བྱེད་དགོས། ང་ཚོས་ཀྲུང་གོ་གཅིག་གི་རྩ་དོན་དང“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”མཐའ་འཁྱོངས་བྱས་ནས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ངོགས་གཉིས་མཉམ་འདྲེས་འཕེལ་རྒྱས་ཟབ་ཏུ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བཅས་བྱས་ཏེ་ངོགས་གཉིས་ཀྱི་སྤུན་ཟླའི་བདེ་རྩ་ཆེ་རུ་གཏོང་དགོས། མེས་རྒྱལ་རྦད་དེ་གཅིག་གྱུར་ཡོང་བར་བྱ་རྒྱུ་ནི་དམངས་སེམས་ཀྱི་གཏད་ཕྱོགས་དང་། དུས་རབས་ཀྱི་རླབས་རྒྱུན། ལོ་རྒྱུས་ཀྱི་ལྡོག་མེད་བཅས་ཡིན་པས། སྟོབས་ཤུགས་གང་རུང་ཞིག་གིས་ཀྱང་བཀག་འགོག་བྱེད་མི་ཐུབ།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ང་ཚོས་ཞི་བདེ་འཕེལ་རྒྱས་མཐའ་འཁྱོངས་དང་། གཉིས་ཁེ་གཉིས་ཕན་གྱི་སྒོ་དབྱེའི་འཐབ་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་། ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཁག་གི་མི་དམངས་དང་མཉམ་དུ་ལག་གདང་སྦྲེལ་ནས་འབད་བརྩོན། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་པ་བཅས་བྱས་ནས་མིའི་རིགས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་དགོས།
སྤྲོ་སྣང་ལྡན་པའི་རོལ་དབྱངས་ཁྲོད་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་ཚོས་ཞལ་རག་པི་ཙི་བཏེགས་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་74འཁོར་བར་མཉམ་དུ་རྟེན་འབྲེལ་ཞུས་པ་མ་ཟད། ཀྲུང་གོ་དར་རྒྱས་གོང་འཕེལ་དང་། མི་དམངས་བདེ་སྐྱིད་ཁམས་བཟང་། ཀྲུང་གོ་མི་དམངས་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་དབར་གྱི་མཛའ་གྲོགས་ཡུན་ནས་ཡུན་དུ་གནས་པ་བཅས་ཀྱི་སྨོན་འདུན་ཡང་ཞུས་པ་རེད།