ཁྱིམ་ཚང་མགྲོན་ཁང་བཀོད་པ་ལེགས། གྲོང་གསེབ་དར་རྒྱས་རྣམ་པ་མཛེས།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་ཟམ་མི་ཆད་པར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས། ཡུལ་མི་མང་པོས་རང་ཡུལ་གྱི་ས་བབ་ཀྱི་ཁྱད་ཆོས་དང་སྐྱེ་ཁམས་ཁོར་ཡུག་གི་ལེགས་ཆར་གཞིགས་ཏེ། ཁྱིམ་ཚང་མགྲོན་ཁང་དང་དམངས་སྲོལ་གནས་ཚང་ཇི་སྙེད་ཅིག་བཙུགས་པ་དེ་དག་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་ཡུལ་ལྗོངས་ཤིག་ཏུ་གྱུར་བ་མ་ཟད། ས་གནས་དེ་གའི་མང་ཚོགས་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད།
འདི་ནི་ཀླུ་ནང་གྲོང་རྡལ་བཀྲ་ཤིས་སྒང་གྲོང་ཚོའི་མཛེས་ལྗོངས་ཡིན་པ།
འདི་ནི་ཡུལ་སྐོར་བས་རྟ་བཞོན་ནས་ས་གནས་དེ་གའི་འཚོ་བར་ཉམས་ལེན་བྱེད་པ།
ཡུལ་སྐོར་བས་ཁྱིམ་གྱི་དྲོ་སྐྱིད་ཚོར་བ་བྱས་པ།
ཉིང་ཁྲི་གྲོང་ཁྱེར་ཀླུ་ནང་གྲོང་རྡལ་བཀྲ་ཤིས་སྒང་གྲོང་ཚོའི་ཕུན་ཚོགས་ཁྱིམ་ཚང་མགྲོན་ཁང་གི་སྦྱིན་བདག་ཕུན་ཚོགས་ནི་ས་གནས་དེ་གའི་དམངས་སྲོལ་མགྲོན་ཁང་གཉེར་མཁན་ཐོག་མ་དེ་རེད། ཁོང་གིས། དམངས་སྲོལ་མགྲོན་ཁང་མ་གཉེར་གོང་གཙོ་བོ་འབྲོག་ལས་དང་ཞིང་ལས་བྱེད་ཀྱི་ཡོད་ཅིང་། ལོ་གཅིག་ལ་ཡོང་འབབ་སྒོར་སྟོང་ཕྲག་ཁ་ཤས་ལས་མེད་སྟབས་འཚོ་བའི་འཁོས་ཀ་ཞན་ཙམ་ཡོད། དམངས་སྲོལ་མགྲོན་ཁང་གཉེར་རྗེས་འཚོ་བ་ག་ལེར་ཡག་ཏུ་ཕྱིན་སོང་། ལོ་འདི་དག་ནང་མགྲོན་ཁང་དུ་འགྲུལ་པ་3000ལྷག་ཙམ་སྡོད་མྱོང་ཡོད་ཅེས་བརྗོད།
ལོ་20ཡི་གོང་དུ། ཁྲོན་བོད་གཞུང་ལམ་ནི་ཁྲེས་ཁུར་ཡུལ་སྐོར་བ་གྲངས་ལས་འདས་པའི་སེམས་དབུས་ཀྱི་ཉེན་ཁ་ཆེ་བའི་རང་གྲུབ་བཙན་འགག་ཅིག་ཡིན་ཞིང་། རྒྱལ་ལམ་318ཐོག་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་ཡུལ་སྐོར་བ་རྒྱུན་ཆད་ཀྱི་མེད། ཀླུ་ནང་དུ་འབྱོར་རྗེས་དེ་གར་སྔོ་ལྗང་གི་རི་བོ་དང་དྭངས་གཙང་གི་ཆུ་བོ་མཐོང་རྒྱུ་ཡོད་ལ་གང་སར་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བས། ཡུལ་སྐོར་བས་གནས་དེར་ངལ་གསོ་ཉིན་ཁ་ཤས་བརྒྱབ་ཚེ་ལམ་བར་གྱི་ངལ་དུབ་སེལ་ཐུབ་པ་མ་ཟད་བོད་ཁྱིམ་གྱི་ཡུལ་སྲོལ་གོམས་གཤིས་ལ་ཉམས་ལེན་ཡང་བྱེད་ཐུབ། ས་གནས་དེ་གའི་ཞིང་འབྲོག་པས་གོ་སྐབས་དེ་དམ་འཛིན་བྱས་ནས་ཁྱིམ་ཚང་མགྲོན་ཁང་གཉེར་བར། ཡུལ་མི་མང་པོར་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་བྱུང་ཡོད།
ཕུན་ཚོགས་ཀྱིས། མགྲོན་ཁང་ཐོག་མར་གཉེར་སྐབས་ཉལ་ཁྲི་8ལས་མེད། འགྲུལ་པ་ང་ཚོའི་ཁྱིམ་དུ་ཡོང་ནས་ང་ཚོ་དང་མཉམ་ཟ་མཉམ་འཐུང་བྱེད་ཀྱི་ཡོད། ཁོང་ཚོ་ལོག་རྗེས་ད་དུང་ང་ཚོར་ལན་འཇོག་པ་དང་འཕྲིན་ཡིག་བསྐུར་གྱི་ཡོད་པས་ཁྱིམ་ཚང་གཅིག་གི་མི་དང་ཁྱད་མེད་ཅེས་བཤད། ཀླུ་ནང་དུ་ཡུལ་སྐོར་ལ་ཡོང་མཁན་ཇེ་མང་དུ་སོང་བ་དང་བསྟུན་ནས་ཕུན་ཚོགས་ཀྱི་ཁྱིམ་ཚང་ལའང་རིམ་བཞིན་འཕོ་འགྱུར་བྱུང་སྟེ་སྔོན་ཆད་ཀྱི་ཁང་པ་རྐྱང་ཐོག་དེ་ད་ཆ་སྤྲོ་ཁང་ལྟ་བུའི་ཁང་པ་གསུམ་ཐོག་ལ་གྱུར་ཡོད།
དེ་རྗེས་ཡུལ་མི་མང་པོས་ཀྱང་ཕུན་ཚོགས་ལ་མིག་དཔེ་བལྟས་ནས་གཅིག་རྗེས་གཉིས་མཐུད་ཀྱིས་མགྲོན་ཁང་གཉེར་བར། མིག་སྔར་གྲོང་ཚོ་དེ་ཡོངས་ཀྱི་དུད་ཚང་60ལྷག་ཙམ་གྱི་ནང་ནས་དུད་ཚང་50ལྷག་ཙམ་གྱིས་ཁྱིམ་ཚང་མགྲོན་ཁང་གཉེར་ཡོད།
“དམངས་སྲོལ་མགྲོན་ཁང་མང་དུ་ཕྱིན་པ་དང་སྦྲགས། གློག་སྤྱོད་ཚད་ཀྱང་མང་དུ་ཕྱིན་ནས་དེ་སྔ་གློག་ཡང་སེ་ཆད་ཀྱི་ཡོད། གློག་ཆད་ཚེ་རང་འབབ་ཆུ་ཡང་ཆད་པར་བརྟེན་ངས་སྔ་རྗེས་སུ་ཁྲའེ་ཡིའུ་སྣུམ་གྱི་གློག་གཏོང་འཕྲུལ་ཆས་གཉིས་ཉོས་ནས་གློག་གཏོང་གི་ཡོད”ཅེས་དེ་སྔོན་གློག་དང་ཆུ་ཆད་པའི་སྐོར་གླེང་སྐབས་ཕུན་ཚོགས་ཀྱིས་ཅི་བྱ་གཏོལ་མེད་དུ་གྱུར་བའི་རྣམ་འགྱུར་ཞིག་བསྟན།
2017ལོའི་ཟླ་3པར་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་རྗེས། རྨང་གཞིའི་ལེ་ལག་ཚང་བའི་སྒྲིག་བཀོད་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ནས་གྲོང་མི་ཚོའི་གློག་དང་ཆུ་ཆད་པའི་སྣང་ཚུལ་ལ་རྦད་དེ་འགྱུར་ལྡོག་བྱུང་ཡོད། 2018ལོར་ཕུན་ཚོགས་ཀྱིས་སླར་ཡང་རང་ཁྱིམ་གྱི་སྒོ་རའི་ས་སྟོང་དུ་ཐོག་སོ་གསུམ་ལྡན་གྱི་བ་གམ་ཁང་བཟང་ཞིག་བསྐྲུན་པར། ཐོག་སོ་དང་པོ་དང་གཉིས་པ་ནི་མགྲོན་ཁང་དང་ཐོག་སོ་གསུམ་པ་ནི་ཉི་འོད་ཟ་ཁང་རེད།
ཕུན་ཚོགས་ཀྱིས། ད་ལྟ་ངའི་ཁྱིམ་ཚང་མགྲོན་ཁང་ལ་ཉལ་ཁྲི་53ཡོད་པ་དང་། ལོ་ལྟར་གྱི་ཟླ་3པ་ནས་10པའི་བར་ཡུལ་སྐོར་བ་ཧ་ཅང་མང་པོ་ཡོད། དུས་ཆེན་རིང་ཁང་པ་མངགས་མཁན་གྱིས་ཁེངས་ནས་ལོའི་ཡོང་འབབ་སྒོར་ཁྲི་30ཡན་ཟིན་གྱི་ཡོད་ཅེས་བརྗོད། སྡོད་མཁན་ཧ་ཅང་མང་པོ་ཡོད་པར་བརྟེན། ཕུན་ཚོགས་ཀྱིས་རང་ཁྱིམ་གྱི་དམངས་སྲོལ་མགྲོན་ཁང་སྔར་བས་རྒྱ་ཇེ་ཆེར་བཏང་སྟེ། ཡུལ་སྐོར་བར་ཞབས་འདེགས་དེ་བས་ལེགས་པ་ཞུ་རྩིས་ཡོད་པ་རེད།
འདི་ནི་རིན་ཆེན་འགྲུལ་ཁང་གི་ཟུར་ཞིག་ཡིན་པ།
ཁྱོ་ཤུག་གཉིས་ཀྱིས་བཏོད་པའི་ལས་གཏོད་ཀྱི་ལམ་བུ།
ས་སྲོད་དུ། སྤོ་བོ་རྫོང་ཁྲབ་རྨོག་གྲོང་རྡལ་མཁར་རྨོག་གྲོང་ཚོའི་དབེན་འཇམ་གྱི་མི་ཡུལ་སྒྱུ་རྩལ་སྐར་ཚོམ་དམངས་སྲོལ་གནས་ཚང་གི་སྦྱིན་བདག་པད་མ་བདེ་སྐྱིད་ཀྱིས་གླུ་གཞས《ཚེ་སྒྲོལ་ལྷ་མོ》གཏོང་བཞིན་འདུག ཁོང་གི་སྐད་གསང་མཐོན་པོ་དང་བརྩེ་དུང་གིས་རབ་ཏུ་ཕྱུག་པའི་འཁྲབ་སྟོན་ལས་དེ་གར་ཡོད་པའི་ཡུལ་སྐོར་བའི་དགའ་བསུ་ཡང་ཡང་ཐོབ།
དབེན་འཇམ་གྱི་མི་ཡུལ་སྒྱུ་རྩལ་སྐར་ཚོམ་དམངས་སྲོལ་གནས་ཚང་ནི“དགུ་བཅུ་པའི་ནང་སྐྱེས”ཀྱི་རྒྱ་བོད་བཟའ་ཚོ་པད་མ་བདེ་སྐྱིད་དང་དབྱིན་ཧོ་གཉིས་ཀྱིས་སྤོ་བོར་བཙུགས་པའི“བཟའ་ཚོའི་མཉམ་ལས”ཞེས་པའི་དམངས་སྲོལ་གནས་ཚང་ཞིག་རེད།
ལོ་ལྔའི་གོང་སློབ་ཆེན་ནས་ཐོན་མ་ཐག་པའི་གཞིས་རྩེའི་བུ་མོ་པད་མ་བདེ་སྐྱིད་དང་བོད་ལ་ཡུལ་སྐོར་དུ་ཡོང་རྗེས་དམངས་སྲོལ་གནས་ཚང་གཉེར་མཁན་ཧུའུ་པེའི་ཕོ་གཞོན་དབྱིན་ཧོའི་དབར་ལས་འཕྲོའི་མདུད་པ་ཐེབས། དེ་ནས་བཟུང་ཁོང་གཉིས་ཀྱི་བརྩེ་དུང་ཟབ་ཏུ་ཕྱིན་པ་མ་ཟད། བྱ་གཞག་ཀྱང་དར་རྒྱས་གཏོང་འགོ་ཚུགས། 2020ལོར་པད་མ་བདེ་སྐྱིད་ཀྱིས་སློབ་གྲྭ་ཆེ་མོ་བའི་ལས་གཏོད་ཁ་གསབ་དངུལ་སྒོར་ཁྲི་6རེ་ཞུ་བྱས་པའི་ཁར། ཁོང་གཉིས་པོས་ལོ་ཁ་ཤས་རིང་བསགས་པའི་བཅོལ་དངུལ་སྤྱད་དེ་ལས་གཏོད་ཀྱི་འགོ་བརྩམས། 2021ལོའི་ཟླ་3པར་ཁོང་གཉིས་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ཁྲབ་རྨོག་གྲོང་རྡལ་མཁར་རྨོག་གྲོང་ཚོར་ཡོང་ནས་འཚོ་བ་གསར་པའི་སྒོ་མོ་དལ་གྱིས་ཕྱེ།
ཁོང་གཉིས་པོས་འདི་ལྟར་རང་རང་སོ་སོས་མགྲོན་ཁང་གི་མཛེས་བཟོ་བྱེད་སྟངས་ལ་ཇུས་འགོད་དང་། ཁྱིམ་ཆས་འདེམས་པ། ཁང་པ་བཀོད་སྒྲིག་བཅས་བྱས། དབྱིན་ཧོ་ཡིས། ང་ཚོས་དམངས་སྲོལ་གནས་ཚང་གི་ཁྱད་ཆོས་དེ་སྟབས་བདེ་ལ་བཟོ་ལྟ་སྙིང་རྗེ་པོ་ཞིག་ཏུ་བཅོས་ཡོད། ཕྱི་རོལ་ནས་བལྟས་ཚེ་དམངས་སྲོལ་གནས་ཚང་གི་གཞི་ཁྱོན་ཆེན་པོ་ཡོད་མོད། འོན་ཀྱང་ཁང་པ་8ལས་མེད། དེ་ནི་གཙོ་བོ་ཁང་པའི་ནང་སྟོང་ཆ་མང་ཙམ་བཞག་ནས་ཡུལ་སྐོར་བའི་སྐྱིད་སྣང་ཆེ་རུ་གཏོང་ཆེད་ཡིན། ང་ཚོས་དམངས་སྲོལ་གནས་ཚང་དེ་གཞན་དང་མི་འདྲ་བ་ཞིག་ཏུ་ཇུས་བཀོད་བྱས་ཡོད། དེ་གར་རྟ་བཞོན་ཆོག་པ་དང་། སྒེའུ་ཁུང་ནས་གངས་རིར་ལྟ་ཐུབ་པ། བོད་ཟས་ཀྱི་བྲོ་བ་མྱོང་ཆོག་པར་མ་ཟད། ད་དུང་སྐར་ཚོམ་ཁང་པ་གཉིས་ཡོད་པ་དེར་མཚན་མོ་ཟླ་འོད་ཁང་པའི་ནང་དུ་འཕྲོ་བཞིན་ཡོད་སྟབས། ཡུལ་སྐོར་བ་ཚོས་སེམས་རྣལ་དུ་ཕབ་ནས་དཔེ་དེབ་ལ་ལྟ་ཆོག་པས། དེ་ནི་སྤྲོ་གསེང་གཏོང་སྐབས་ཀྱི་མྱོང་ཚོར་ཡག་ཤོས་ཤིག་རེད་ཅེས་བརྗོད།
དེ་གར་ཞོགས་པ་གཉིད་ལས་སློང་མཁན་ནི་ཆུ་ཚོད་ཀྱི་ཏིར་སྒྲ་མིན་པར་ཞིང་ནང་གི་བསིལ་རླུང་དང་ནགས་གསེབ་ཀྱི་བྱིའུ་ཆུང་འཇོལ་སྐད་ཡིན། ཁྲ་ཡོལ་ཕྱེ་ནས་ལྟ་སྐབས་རི་ལ་རི་རྒྱུད་ཀྱི་གངས་རི་མིག་ལམ་དུ་འཆར་གྱི་ཡོད་པས། དེ་ནི་དོན་དམ་པའི་མི་ཡུལ་གྱི་དག་ཞིང་དུ་སྣང་། འདི་གར་ཞག་སྡོད་བྱེད་མྱོང་བའི་འགྲུལ་པ་ཚོས། འདི་གའི་ཁོར་ཡུག་ལྟ་ན་སྡུག་པ་དང་། དོ་དམ་རྣམ་པའི་ཞབས་ཞུ་ནི་རང་ཁྱིམ་དང་གཉིས་སུ་མེད། འདི་གར་ཡོད་ཚད་རྣ་རྒྱབ་ཏུ་བསྐྱུར་ནས་རང་བྱུང་ཁམས་དང་ཉེ་བར་བཅར་ཆོག་པས། སེམས་པའང་ལྷོད་ཤིག་ཤིག་བྱེད་ཀྱི་འདུག་ཅེས་གདེང་འཇོག་བྱེད་བཞིན་མཆིས།
ད་ཆ་པད་མ་བདེ་སྐྱིད་དང་དབྱིན་ཧོ་ཡི་ཐུན་མོང་འབད་བརྩོན་འོག་ཁོང་གཉིས་རིམ་གྱིས་སྤོ་བོར་རྐང་པ་བརྟན་པོ་ཞིག་འཛུགས་ཐུབ་པ་བྱུང་ཡོད། དབྱིན་ཧོ་ཡིས་དགའ་སྤྲོའི་ངང་། ད་ཆ་ཆ་སྙོམས་བྱས་ན་ཟླ་རེར་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་ཡོང་གི་འདུག ཡུལ་སྐོར་བ་མང་དུས་དེ་ལས་ཀྱང་མང་བ་འདུག འདི་གའི་ཡུལ་ལྗོངས་མཛེས་ལ་ང་ཚོས་ཞབས་ཞུའི་རྣམ་འགྱུར་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པས། སླད་ཕྱིན་གྱི་ཡོང་འབབ་ཐད་སེམས་ཁྲལ་དེ་ཙམ་མི་འདུག་ཅེས་བརྗོད།
འདི་ནི་རིན་ཆེན་འགྲུལ་ཁང་གི་གཙང་སྦྲ་དོད་པའི་རྣམ་པ་ཡིན་པ།
མང་ཚོགས་ཀྱི་དངུལ་ཁུག་ལྗིད་ཏིག་ཏིག་ཏུ་གྱུར་པ།
སྒོ་རའི་ནང་ནས་དང་པད་ཁ་མང་པོ་བཏབ་ཡོད་པ་དང་། པད་ཁའི་མེ་ཏོག་རབ་ཏུ་བཞད་ཅིང་། སྒོ་འགྲམ་ནི་མཛེས་སྡུག་ལྡན་པའི་རྒུ་ཤང་མཚོ་ཡིན་པ། མགོ་བོ་བཏེགས་ནས་བལྟས་ཚེ་གངས་རི་མཐོང་རྒྱུ་ཡོད་པ་བཅས་ནི་སྤོ་བོ་རྫོང་རིན་ཆེན་འགྲུལ་ཁང་གི་རྣམ་པ་རེད།
རིན་ཆེན་འགྲུལ་ཁང་ནི་སྤོ་བོ་རྫོང་གྲོང་དང་བར་ཐག་སྤྱི་ལེ་10ཙམ་ཡོད་པའི་རྒུ་ཤང་རྦ་ཁ་གྲོང་ཚོར་གནས་ཤིང་། རྡོ་ཟམ་བརྒྱུད་འགྲུལ་ཁང་གི་བབ་ཆགས་པའི་རྒྱལ་སྒོར་འཛུལ་སྐབས་བཟོ་ལྟ་ལེགས་པའི་སྡོད་ཁང་སྟར་པ་དང་སྟར་པ་བྱས་ཏེ་རི་ལྡེབས་སུ་འགྱིང་ངེར་གནས་པ་དང་། སྒོ་རའི་ནང་མེ་ཏོག་ཁྲ་ཆིལ་ལེར་བཞད་པ། ཐོག་ཁར་འཛེགས་ནས་ཕྱོགས་བཞིར་བལྟས་ཚེ། སྣུམ་ཚོན་གྱི་རི་མོ་ལྟ་བུའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་མྱོང་རོལ་བྱས་ཆོག
འགྲུལ་ཁང་དུ་སྐྱོད་སྐབས་ཡངས་ཤིང་རྒྱ་ཆེ་བའི་ཁང་པའི་ནང་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་ཟངས་ཆས་དང་ཡུལ་སྐོར་བ་པར་རྒྱག་སྐབས་མཁོ་འདོན་བྱས་པའི་མི་རིགས་ཀྱི་གྱོན་ཆས་བསྒྲིགས་ཡོད་ཅིང་། མགྲོན་ཁང་ལ་ཤིང་རྐྱང་པས་མཛེས་རྒྱན་སྤྲས་ཡོད་པ། ཉལ་གདན་དང་། རྒྱབ་བསྙེས། ལྕོག་ཙེ། འབོལ་ཁྲི་སོགས་ཚང་མར་མི་རིགས་ཀྱི་ཁྱད་ཆོས་ཧ་ཅང་ཟབ་མོ་ལྡན།
འགྲུལ་ཁང་གི་ཟ་ཁང་ནང་སྦྱིན་བདག་རིན་ཆེན་སྒྲོལ་མའི་ཨ་མས་གྲོང་ཚོའི་ན་གཞོན་ཁ་ཤས་ཁྲིད་དེ་སྐུ་མགྲོན་ལ་ཁ་ལག་གྲ་སྒྲིག་བྱེད་བཞིན་འདུག རླངས་པ་འཚུབ་འཚུབ་ཀྱི་ཤ་མོག་དང་རོ་བཅུད་ཆེ་བའི་ཞོ་སོགས་ཀྱིས་ཡུལ་སྐོར་བ་ཚོའི་ཟས་ཀྱི་དང་ག་ལྷག་པར་ཕྱེ། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བ་མང་པོ་ཞིག་མ་གྲོས་གཅིག་མཐུན་ངང་དེ་གར་འཛོམས་ཏེ། ཁྱིམ་ཚང་གཅིག་གི་མི་ལྟར་སྣང་བ་སྐྱིད་པོས་ཅི་འཕྲོས་མོལ་འཕྲོས་ཤོད་ཞོར་ཇ་ཆང་འདོད་རྒུའི་དཔལ་ལ་ལོངས་སུ་སྤྱོད་བཞིན་འདུག་པས་འཁྲུག་ཆ་ཧ་ཅང་དོད།
རིན་ཆེན་སྒྲོལ་མས་གསར་འགོད་པར། འགྲུལ་ཁང་དེ་རྒྱལ་ལམ་318ཀྱི་འགྲམ་དུ་གནས་ཡོད། མཛེས་སྡུག་ལྡན་པའི་ཕུ་ལུང་གཙང་པོ་དེ་གར་དལ་གྱིས་རྒྱུག་པ་མ་ཟད། ཁང་པའི་ཕྱིར་བསྐྱོད་ཚེ་མཛེས་སྡུག་རྣམ་པར་བཀྲ་བའི་གངས་རི་དང་དེ་བཞིན་ཉེ་འཁོར་དུ་ཡུན་ཧྲན་གསོམ་ཤིང་ཡང་མཐོང་རྒྱུ་ཡོད། 2005ལོར་འགྲུལ་ཁང་བཙུགས་མ་ཐག་ཡུལ་སྐོར་བས་ཁེངས་པ་མ་ཟད། ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་ཉལ་གདན་བཏིངས་ནས་ཐང་སྟེང་དུ་ཉལ་འདོད་བྱེད་ཀྱི་འདུག་ཅེས་བཤད།
སྒེར་འཁོར་བཏང་ནས་ཁྲོན་བོད་གཞུང་ལམ་བརྒྱུད་དེ་གར་ཡུལ་སྐོར་ལ་ཡོང་བའི་མཁྱེན་ལྡན་མ་ཡེ་ལགས་ཀྱིས། དྲ་ཐོག་ཏུ་འགྲུལ་ཁང་དེར་གདེང་འཇོག་ཡག་པོ་ཡོད་པ་མཐོང་ནས་ཆེད་མངགས་རིན་ཆེན་འགྲུལ་ཁང་དུ་ཡོང་བ་ཡིན། འགྲུལ་ཁང་གི་སྒྲིག་ཆས་ཆ་ཚང་བ་དང་། མཛེས་ལྗོངས་སྒང་ནས་མཐའ་འཁོར་གྱི་མཛེས་ལྗོངས་མ་ལུས་མཐོང་ཐུབ་པ། བོད་བཟོའི་ཁྱད་ཆོས་ལྡན་པའི་ཁང་པར་ཐོན་རྫས་སྣ་ཁ་མང་ལ་ཁང་མིག་ཀྱང་ཆེ་ཆུང་གང་དགོས་ཡོད་པ་མ་ཟད་རིན་གོང་ཡང་འཚམ་པ། ད་དུང་འགྲུལ་ཁང་དུ་རིན་པ་མི་དགོས་པར་བོད་ཆས་གྱོན་ནས་པར་རྒྱག་ཆོག་པས་ཧ་ཅང་ཡག་པོ་འདུག་ཅེས་བཤད།
རིན་ཆེན་སྒྲོལ་མས་གསར་འགོད་པར། ན་ནིང་ཁྱིམ་ཚང་འགྲུལ་ཁང་གཉེར་སྐྱོང་ཁོ་ནར་ཡོང་འབབ་སྒོར་ཁྲི་50ལྷག་ཙམ་བྱུང་། ཁྱིམ་ཚང་འགྲུལ་ཁང་གཉེར་རིང་སྤོ་བོ་རྫོང་གིས་མ་དངུལ་སོགས་གང་ས་ཅི་ཐད་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བྱུང་ཞེས་བརྗོད།
འབྱུང་འགྱུར་གྱི་འཕེལ་རྒྱས་སྐོར་གླེང་སྐབས་རིན་ཆེན་སྒྲོལ་མས། ངས་འགྲུལ་ཁང་དེ་ཕྱོགས་ཡོངས་ཀྱི་སྣེ་ལེན་ནུས་པ་ལྡན་པའི་ཡུལ་སྐོར་སྤྲོ་གསེང་གསོལ་མགྲོན་ཁང་ཞིག་ཏུ་བསྐྲུན་ནས། གྲོང་མི་ཚོའི་སྣེ་ཁྲིད་དེ་ཚང་མར་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱེད་ཀྱི་ཡིན་ཞེས་ཡིད་ཆེས་ཆེན་པོས་བརྗོད།
འདི་ནི་མཛེས་སྡུག་ལྡན་པའི་སྤོ་བོའི་དབེན་འཇམ་མི་ཡུལ་སྒྱུ་རྩལ་སྐར་ཚོམ་དམངས་སྲོལ་གནས་ཚང་ཡིན་པ།