དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • མཐུན་སྒྲིལ་མེ་ཏོག་མཚར་སྡུག་རྣམ་པར་བཀྲ འཆམ་མཐུན་གླུ་དབྱངས་མཐའ་མཚམས་ཡུལ་ནས་གྲགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-29

    བོད་ཀྱི་མཐའ་མཚམས་ལམ་ཐིག་བརྟན་སྲུང་བྱེད་པའི་གནས་སྤོས་ཡུལ་མིའི་དོ་དམ་ཉེན་རྟོག་པས་སྐད་གྲགས་མེད་པར་ལས་གནས་བརྟན་སྲུང་བྱས་ཏེ་ལྕགས་གཟེར་བཞིན་མཐའ་མཚམས་ལམ་ཐིག་ཏུ་བརྟན་པོར་ཚུགས་པ་དང་། ཁོང་ཚོ་དང་དེ་གའི་མི་རིགས་ཁག་གི་མང་ཚོགས་དང་དེ་བཞིན་འགྲོ་འོང་ཡུལ་སྐོར་བས་ལག་གདང་སྦྲེལ་ནས་ཕན་ཚུན་ལྟ་སྐྱོང་བྱེད་ཅིང་། མཐའ་མཚམས་ལམ་ཐིག་ཐོག་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ཇི་ཙམ་བཞད་པ་དེ་ཙམ་གྱིས་དམར་མདངས་བཀྲ

    གཞིས་རྩེའི་དགོན་གསར་མཐའ་མཚམས་མངགས་གཏོང་ཁང་།

    “སྤྲིན་གསེབ”ཁྲོད་ཀྱི་མཐའ་མཚམས་བརྟན་སྲུང་བ།

    གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་དགོན་གསར་མཐའ་མཚམས་མངགས་གཏོང་ཁང་ནི་ཀྲུང་ནེའི་མཐའ་མཚམས་རྒྱུད་དུ་གནས་པ་དང་དེའི་ཐུན་མོང་མ་ཡིན་པའི་ས་ཁམས་གནས་བབ་དང་གནམ་གཤིས་ཀྱི་ཁྱད་ཆོས་ཀྱི་རྐྱེན་པས། “སྤྲིན་གསེབ་ཁྲོད་ཀྱི་མཐའ་མཚམས་མངགས་གཏོང་ཁང”ཞེས་འབོད་ཀྱི་ཡོད།

    ལོ་མང་རིང་དགོན་གསར་མཐའ་མཚམས་མངགས་གཏོང་ཁང་གིས་མཐའ་བརྟན་མཐའ་སྲུང་གི་ལས་དོན་ཡག་པོ་བསྒྲུབས་པ་དང་དུས་མཚུངས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་ལ་སྐུལ་འདེད་ཟམ་མི་ཆད་པར་བཏང་ནས“ཚན་པའི་ཏང་ཀྲི་པུའུ་ལྟེ་བར་བྱེད་པ་དང་། གྲོང་ཚོའི‘ཨུ་ལྷན་གཉིས’སྦྲེལ་ཐག་ཏུ་བྱེད་པ། དམག་ཉེན་དམངས་གསུམ་ཐུན་མོང་ཐོག་ཞུགས་པ”བཅས་ཀྱི“ཏང་འཛུགས་སྐྱོང+མཐའ་མཚམས་དོ་དམ་དང་མཐའ་མཚམས་ཚོད་འཛིན”གྱི་བཀོད་པ་གསར་པ་བསྐྲུན་ནས་ཁོངས་གཏོགས་ཁུལ་གྱི་སྡེ་ཚན་ཁག་དང་མཐུན་སྦྱོར་དང་། གཞོགས་འདེགས། མཉམ་འགུལ་བཅས་བྱེད་ཤུགས་ཆེ་རུ་བཏང་ཡོད།

    2015ལོའི“4·25”ནེ་པ་ལའི་ས་ཡོམ་བརྒྱབ་རྗེས། ནེ་པ་ལ་དང་ཆུ་བོ་གཅིག་གིས་ཆོད་པའི་འགྲམ་དུ་གེགས་སྐྱོན་ཚབས་ཆེན་བྱུང་ནས་མང་ཚོགས་སྤོ་སྒྱུར་དང་། དངོས་རྫས་དབོར་འདྲེན། རྨས་མ་སྐྱོབ་བཅོས་ལ་སོགས་དེ་སྔའི་དགོན་གསར་མཐའ་མཚམས་མངགས་གཏོང་ཁང་གི་དཔོན་དམག་ཚོའི་ལས་འགན་གཙོ་བོར་གྱུར་ཡོད།

    གྲོང་མི་ཚང་མ་གཞིས་རྩེ་གྲོང་ཁུལ་གྱི་འགྲམ་ཁུལ་གསར་དུ་གནས་སྤོས་པ་དང་སྦྲགས། ས་ཡོམ་བརྒྱབ་པ་ནས་ད་བར་གྱི་ལོ་བརྒྱད་ནང་དགོན་གསར་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཡོངས་ཀྱིས་གྲོང་ཚོའི“ཨུ་ལྷན་གཉིས”དང་གཞོགས་འདེགས་ཧུར་ཐག་བྱས་ནས་ཤར་པའི་དམར་འདུར་དང་། ཤར་པའི་ཁྱད་ལྡན་ལ་ཕུག་སྐམ་པོ། མི་རིགས་ཀྱི་རྒྱན་གོས་སོགས་ཀྱི་མཉམ་ལས་ཁང་བཙུགས་ཏེ། ཡུལ་དེའི་མང་ཚོགས་མི་ཐེངས་400ལྷག་ཙམ་གྱི་ལས་ཞུགས་ཐག་གཅོད་བྱེད་རོགས་བྱས་པ་རེད།

    མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་གྱི་གྲུབ་འབྲས་མངོན་གསལ་དོད་པོ་ཐོན་སྟབས་དགོན་གསར་མཐའ་མཚམས་མངགས་གཏོང་ཁང་ལ་སྔ་རྗེས་སུ“བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཚན་པའི”མཚན་སྙན་ཐེངས་གཅིག་དང“གཞིས་རྩེ་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཚན་པའི”མཚན་སྙན་ཐེངས་གཅིག་ཐོབ་པ་རེད།

    འདི་ལོའི་ཟླ་7ཚེས་1ཉིན། དགོན་གསར་མཐའ་མཚམས་མངགས་གཏོང་ཁང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་102འཁོར་བར་རྟེན་འབྲེལ་ཞུ་བའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་རིང་། ཏང་ཡོན་རྒན་གྲས་ཚེ་རིང་གིས་ཏང་གི་འོད་སྟོང་འབར་བའི་ལོ་རྒྱུས་ལམ་ཚད་གླེང་བ་དང་འགྲམ་དུ་ཡོད་པའི་བགྲེས་སོང་གི་འོན་ལྐུགས་ཡིན་པའི་བུ་མོ་དེས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཝུན་ཁྲང་ཐར་ལ་ལག་བརྡ་ཡང་ཡང་བྱེད་བཞིན་མཆིས།

    བགྲེས་སོང་ཚེ་རིང་གིས་མི་དམངས་ཉེན་རྟོག་པར“ངའི་བུ་མོས་ལག་བརྡ་བྱེད་པ་དེ་ནི་མི་དམངས་ཉེན་རྟོག་པ་ཝུན་ཁྲང་ཐར་གྱིས་ངེད་ཚོར་ཧ་ཅང་ཡག་པོ་བྱེད་ཀྱི་ཡོད་པའི་དོན་ཡིན། ཁོང་གིས་ངའི་བུ་མོར་མིང་འབྲི་སྟངས་བསླབས་པ་དང་ཆམ་པའི་སྨན་ཡང་བསྐྱལ་བ་མ་ཟད། ད་དུང་ངའི་བུ་མོ་དང་ངང་རྒྱུད་རིང་པོས་སྤེལ་རེས་བྱེད་ཀྱི་ཡོད་པས་དབུ་ཁྲིད་ཚོས་ཁོང་ལ་ཡིན་ཅིག་བསྔགས་བརྗོད་གནང་རོགས”ཞེས་བཤད།

    ཕན་ཚུན་ལྟ་སྐྱོང་བྱེད་པའི་གཏམ་རྒྱུད་སྔར་རྒྱུན་བཞིན་ཐོན་པ་དང་མི་རིགས་མཐུན་སྒྲིལ་གྱི་མཛའ་སེམས་གཅིག་རྒྱུན་གཅིག་འཛིན་བྱས་པའི་གཟུགས་བརྙན་རེ་རེ་དང་དོན་ཆུང་རེ་རེ་བཞིན་ལས་མི་རིགས་དབར་གྱི་སྲ་ཞིང་བརྟན་པའི་མཛའ་གཅུགས་ཟབ་མོ་གྲུབ་ཡོད།

    མངའ་རིས་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་དར་ཆེན་མཐའ་མཚམས་མངགས་གཏོང་ཁང་།

    གངས་རིན་པོ་ཆེའི་ལ་གཤམ་གྱི་བརྟན་སྲུང་བ།

    གངས་རིན་པོ་ཆེའི་ལ་གཤམ་དུ་ལོ་ན་གཞོན་པའི་གནས་སྤོས་ཡུལ་མིའི་དོ་དམ་ཉེན་རྟོག་པ་ཁག་གཅིག་ཡོད་པ་དེ་དག་གིས་ཡུན་རིང་ས་བབ་མཐོ་ཚད་སྨི་4810ཟིན་པའི་མངའ་རིས་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གི་དར་ཆེན་མཐའ་མཚམས་མངགས་གཏོང་ཁང་དུ་བསྡད་ནས་མཐའ་མཚམས་ས་ཁུལ་གྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་དང་། མང་ཚོགས་ཀྱི་བདེ་སྡོད་ལས་བརྩོན་འགན་ལེན། ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་བཅས་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད།

    འདི་ལོའི་ཟླ་8ཚེས་1ཉིན། དར་ཆེན་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་སྐབས་གློ་བུར་དུ་སྒོ་འགྲམ་ལ་དགའ་རོགས་ཡིན་པའི་མི་གཉིས་སླེབས་ནས་མི་དམངས་ཉེན་རྟོག་པ་ཚོ་དང་མཉམ་དུ་པར་རྒྱག་རྒྱུའི་རེ་བ་བཏོན། ཁོང་གཉིས་ནི་ཅང་སུའུ་ནན་ཅིང་ནས་ཡིན་པ་དང་། ཟླ་7ཚེས་28ཉིན་གངས་རིན་པོ་ཆེའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བྱེད་སྐབས་ས་གནས་དེ་གར་ཆར་པ་ཡུན་རིང་བབས་པ་དང་། ཁོང་གཉིས་པོ་ཚེས་29ཉིན་གྱི་ཐོ་རེངས་སུ་གནམ་གཤིས་ཧ་ཅང་ཞན་པ་དང་གསོ་རླུང་ཚབས་ཆེན་མི་འདང་བའི་དབང་གིས་ལ་དུག་ཕོག་ནས་སྒྲོལ་མ་ལའི་ལ་ཁར་ལུས། དེ་རྗེས་ཁོང་གཉིས་ཀྱིས་དར་ཆེན་མཐའ་མཚམས་མངགས་གཏོང་ཁང་ལ་རོགས་སྐྱོབ་ཁ་པར་བརྒྱབ།

    ཁ་པར་འབྱོར་རྗེས་མི་དམངས་ཉེན་རྟོག་པས་འཕྲལ་མར་རོགས་སྐྱོབ་དངོས་ཟོག་འཁྱེར་ནས་གནས་ཚུལ་ཐོན་སའི་འགྲམ་དུ་བསྐྱོད་དེ་ཆུ་ཚོད་4ལྷག་ཙམ་འཚོལ་ཞིབ་བྱས་པ་བརྒྱུད། ལ་དུག་ཕོག་པའི་ཁོང་གཉིས་རྙེད་རྗེས་འཕྲལ་མར་ཁོངས་གཏོགས་ཁུལ་གྱི་འཕྲོད་བསྟེན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་བ་རེད།

    “གངས་རིན་པོ་ཆེའི་ཁྲིམས་སྒྱུར་སྐོར་གཡེང་རོགས་སྐྱོབ་རུ་ཁག”བཙུགས་ཚུན། དར་ཆེན་མཐའ་མཚམས་མངགས་གཏོང་ཁང་གིས་རིམ་རྩིས་བྱས་ན་རོགས་སྐྱོབ་ཐེངས་945བྱས་པ་དང་དཀའ་ངལ་འཕྲད་པའི་མང་ཚོགས་3306ལ་རོགས་སྐྱོབ་བྱས་པས། མང་ཚོགས་ཀྱིས་ཐུགས་རྗེ་ཆེ་ཞུ་བའི་ཡི་གེ་30ལྷག་ཙམ་དང་གོས་དར་280ལྷག་ཙམ་འབྱོར་ཞིང་། རོགས་སྐྱོབ་ཐུབ་ཚད་100%ཟིན་ཡོད་པ་རེད།

    ལོ་མང་རིང་དར་ཆེན་མཐའ་མཚམས་མངགས་གཏོང་ཁང་གིས་དཀའ་ངལ་ཡོད་པའི་བྱིས་པར་སེམས་ཁུར་བྱེད་པའི་འདུ་འགོད་མུ་མཐུད་ལག་ལེན་བསྟར་ནས་ཁོངས་གཏོགས་ཁུལ་གྱི་སློབ་ཆུང་གི་དཀའ་ངལ་ཡོད་པའི་བྱིས་པར་ཕྱོགས་ཡོངས་ནས་གྲལ་བཤེར་ཐོ་འགོད་བྱས་ཏེ་གཅིག་གིས་གཅིག་ལ་རོགས་རམ་དང་མང་པོས་གཅིག་ལ་རོགས་རམ་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་དཀའ་ངལ་ཡོད་པའི་བྱིས་པར་རོགས་སྐྱོབ་དང་གཅེས་སྐྱོང་བྱེད་པའི་ཡིག་ཚགས་68བཟོས་པ་དང་དུས་བཀག་བཞིན་རོགས་སྐྱོབ་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་བྱས་ཏེ། དཀའ་ངལ་ཡོད་པའི་བྱིས་པར་དོ་དམ་དང་སེམས་ཁུར་བྱས་ནས་ཁོངས་གཏོགས་ཁུལ་གྱི་དཀའ་ངལ་ཡོད་པའི་བྱིས་པ་ཚང་མ་སློབ་གྲྭར་བསྐྱོད་ཐུབ་པར་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། མངགས་གཏོང་ཁང་གིས་རིམ་རྩིས་བྱས་ན། ཁོངས་གཏོགས་ཁུལ་གྱི་དཀའ་ངལ་ཡོད་པའི་བྱིས་པར་ཞལ་འདེབས་བརྒྱབ་པ་དང་ཞལ་འདེབས་དངོས་ཟོག་བརྩོན་ལེན་བྱས་པའི་རིན་ཐང་སྒོར་ཁྲི་10ལྷག་ཙམ་ཟིན་ཡོད། སྔ་རྗེས་སུ་ཕུལ་བྱུང་མི་དམངས་ཉེན་རྟོག་པ་20ལྷག་ཙམ་གྱིས་གནས་སའི་སློབ་ཆུང་གི་ཁྲིམས་སྐྱོང་སློབ་སྤྱི་གཞོན་པའི་འགན་གཅིག་ལྕོགས་འཁུར་ནས་སློབ་གྲྭར་ཁྲིམས་སྐྱོང་དྲིལ་བསྒྲགས་བྱས་པ་དང་། སློབ་གྲྭ་དང་ཉེ་འཁོར་གྱི་སྒྲིག་ལམ་བཅོས་སྒྲིག་ཧུར་ཐག་བྱས་ཏེ་བདེ་འཇགས་དང་། བརྟན་པོ། སྐྱོན་བྲལ། ཞི་མཐུན་བཅས་ཀྱི་སློབ་གྲྭའི་ཁོར་ཡུག་ཅིག་གཏོད་ཡོད་པ་རེད།

    མི་དམངས་ཉེན་རྟོག་པ་ཡོངས་ཀྱི་ཐུན་མོང་འབད་བརྩོན་འོག ཉེ་བའི་ལོ་ཤས་རིང་དར་ཆེན་མཐའ་མཚམས་མངགས་གཏོང་ཁང་ལ་སྔ་རྗེས་སུ་རྒྱལ་ཡོངས་དང་བོད་རང་སྐྱོང་ལྗོངས་ཀྱི“མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཚན་པ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད། མི་དམངས་ཉེན་རྟོག་པ་ཚོས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་ཉེན་རྟོག་པ་དང་མི་དམངས་ཞི་མཐུན་མཉམ་གནས་ཀྱི་མི་སེམས་འགུལ་བའི་ལེའུ་བརྩམས་ཏེ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་གངས་རིན་པོ་ཆེའི་འདབས་སུ་བཞད་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།