འགན་སེམས་འཆང་བཞིན་ལམ་བུ་གསར་པར་བསྐྱོད། དངོས་སྒྲུབ་དོན་གཉེར་རྣམ་པ་གསར་པ་བཏོད།
—— ཉིང་ཁྲི་གྲོང་ཁྱེར་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་སྒྱུར་བཅོས་སྒོ་དབྱེ་སྔོན་དུ་བྱེད་པར་སྐུལ་འདེད་བཏང་བ།
རྩོམ་སྒྲིག་པའི་སྦྲགས་མཆན།
དེ་རིང་ནས་བཟུང་འདི་ག་ཚགས་པར་གྱིས“ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། —— ཉིང་ཁྲི་འདི་ཉིད་བོད་ཀྱི་སྒྱུར་བཅོས་སྒོ་དབྱེའི་སྔོན་སྤེལ་ཁུལ་དུ་ཧུར་ཐག་བསྐྲུན་དགོས”ཞེས་པའི་ཆེད་སྒྲིག་ལེ་ཚན་བཏོན་ནས་ཉིང་ཁྲི་གྲོང་ཁྱེར་གྱི་ལས་དོན་ཁྲོད་ཀྱི་གསར་གཏོད་བྱ་ཐབས་དང་། གསོན་ཉམས་དོད་པའི་ལག་ལེན། ཕན་འབྲས་ལྡན་པའི་ཉམས་མྱོང་བཅས་མཚོན་པར་བྱས་ཡོད་པས་རྒྱ་ཆེའི་ཀློག་པ་པོ་ཚོས་དོ་ཁུར་ཡོད་པ་ཞུ།
2021ལོའི་ཟླ་12ཚེས་14ཉིན་ནས་18ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཉིང་ཁྲིར་བརྟག་ཞིབ་གནང་སྐབས། “མཛེས་སྡུག་ལྡན་པའི་འཆར་འགོད་འགྲུབ་མིན་དངོས་འཛིན་དངོས་སྒྲུབ་ལ་ཐུག་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། དངོས་ཐོག་བདེན་འཚོལ་གྱི་སྤྱོད་ཚུལ་ལ་བརྟེན་ནས་ལས་དོན་ཁག་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དང་། ཉིང་ཁྲི་འདི་ཉིད་བོད་ཀྱི་སྒྱུར་བཅོས་སྒོ་དབྱེའི་སྔོན་སྤེལ་ཁུལ་ལ་ཧུར་ཐག་བསྐྲུན་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས”ཞེས་ནན་བཤད་གནང་ཡོད།
རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཉིང་ཁྲི་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ། ཉིང་ཁྲི་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་རབ་དང་རིམ་པའི་དགོངས་དོན་དོན་འཁྱོལ་ནན་ཏན་བཅས་བྱས་ཏེ་རང་སྐྱོང་ལྗོངས་ཀྱི《ཉིང་ཁྲིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་སྒྱུར་བཅོས་སྒོ་དབྱེ་སྔོན་དུ་བྱེད་པར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ནང་ཁ་གསལ་བཏོན་པའི་གཙོ་གནད་ཁ་ཕྱོགས་11ལ་གཞིགས་པ་དང་། འཚོལ་ཞིབ་བྱེད་ཀྱིན་ཕྱོགས་སྡོམ་དང་། འཐུས་སྒོ་ཚང་དུ་གཏོང་བ། སྐུལ་འདེད་གཏོང་བ་བཅས་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཉིང་ཁྲིར་དཀྲིས་པའི་འགན་འཁྲི་གསར་པ་དང་ལས་འགན་གསར་པ་དོན་ཐོག་ཏུ་མཐའ་གཅིག་ཏུ་འཁྱོལ་བར་བྱས་ཡོད།
“རྨང་གཞིའི་འཛུགས་སྐྲུན”ཤུགས་རྒྱག་སར་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འདེགས་སྐྱོར་ནུས་པ་ཆེ་རུ་བཏང་བ།
ཉིང་ཁྲི་གྲོང་ཁྱེར་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་དཀའ་གནད་དང་མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གླེང་མང་བའི་གནད་དོན་ལ་དམ་པོར་དམིགས་ཏེ། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་ཤུགས་བརྒྱབ་ནས་གཅིག་སྡུད་འགག་སྒྲོལ་བྱེད་པ་དང་། རྨང་གཞིའི་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་བཀྲག་མདངས་འཚེར་སའི་འདུ་འགོད་ཁག་གཅིག་གསར་གཏོད་བྱས་པས་ཉིང་ཁྲིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འདེགས་སྐྱོར་ནུས་པ་ཧ་ཅང་ཆེ་རུ་ཕྱིན་ཡོད།
རྒྱལ་ཁབ་ཀྱི་རྣམ་གྲངས་གལ་ཆེན་ལ་ཞབས་འདེགས་ཞུ་བ་དང་འགན་སྲུང་བྱས་ཤིང་། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་གྱི་འགན་གཙང་འགན་ལེན་ལས་དོན་ཡག་པོ་བསྒྲུབས་པ་དང་། ལས་གྲྭ་འཛུགས་སྐྲུན་ལ་མཁོ་བའི་དངོས་ཟོག་དུས་ཐོག་ཏུ་མཐུན་སྦྱོར་ཐག་གཅོད། ཐེམ་ཁུངས་བོད་ནས་ཡིན་པའི་སློབ་གྲྭ་ཆེ་མོ་བ་88དང་གནས་གཏན་འཁེལ་གྱིས་གསོ་སྐྱོང་བྱས་པའི་ལག་རྩལ་བཟོ་པ་183རྣམ་གྲངས་འཛུགས་སྐྲུན་དུ་ལས་ཞུགས་བརྟན་པོ་ཡོང་བ། མང་ཚོགས་རྣམ་གྲངས་འཛུགས་སྐྲུན་ནང་གོ་རིམ་ལྡན་པའི་ངང་ཞུགས་སུ་འཇུག་པ་བཅས་བྱས་ཡོད། ནུས་རྒྱུ་གཙང་མའི་གསར་སྤེལ་ལས་གྲྭའི་དུས་འགོའི་ལས་དོན་ལ་ཞབས་འདེགས་ཞུ་བ་དང་འགན་ལེན་བྱས་ནས་འབྲེལ་ཡོད་ཀྱི“དཀའ་གནད”དང“འགག་གནད”ཁག་12མཐུན་སྦྱོར་ཐག་གཅོད་བྱས་ཏེ། ལས་གྲྭའི་ཞབས་ཞུའི་འགན་ལེན་ནུས་པ་ཆེ་རུ་ཏན་ཏིག་བཏང་ཡོད།
ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་འཛུགས་པར་ཤུགས་སྣོན་བརྒྱབ་ཅིང་། ཕུག་ལམ་འཛུགས་སྐྲུན་ཚད་བརྒལ་སར་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་འགྲིམ་འགྲུལ་གྱི་རྣམ་གྲངས་གལ་ཆེན་རབ་དང་རིམ་པ་བསྐྲུན་པར་སྐུལ་འདེད་བཏང་སྟེ། འགྲིམ་འགྲུལ་རྣམ་གྲངས་ཁྱོན་43ལག་ལེན་བསྟར་བར་བསྡོམས་མ་དངུལ་སྒོར་དུང་ཕྱུར་326.89གཏོང་རྩིས་ཡོད་པ་དང་། ད་བར་མ་དངུལ་སྒོར་དུང་ཕྱུར་109.39བཏང་ཡོད། ཕད་གྲོང་རྡལ་ནས་མེ་ཏོག་རྫོང་བར་གྱི་གཞུང་ལམ་གྱི་K12-K20བར་གྱི་ལམ་དུམ་བསྐྱར་སྐྲུན་རྒྱས་སྐྲུན་གྱི་འཕྲལ་སྡོམ་བགྲོད་ལམ་དུ་ཕུག་ལམ་སྨི་230ཏལ་འབིགས་བྱས་ཡོད།
སྤོ་བོ་རྫོང་ནས་ར་འོག་གྲོང་རྡལ་བར་གྱི་ལྕགས་ལམ་གྱི་ལག་བསྟར་འཐུས་མིན་ཞིབ་འཇུག་སྙན་ཞུར་རྒྱལ་ཁབ་ལྕགས་ལམ་ཚོགས་པའི་ཞིབ་མཆན་ཐོབ་པ་དང་། མེ་ཏོག་གི་ཡན་ལག་གནམ་ཐང་དང་རྫ་ཡུལ་གྱི་དམངས་སྤྱོད་གནམ་ཐང་གི་ཡུལ་འདེམས་དངོས་ཞིབ་ལེགས་སྒྲུབ་ཟིན་ཡོད།
རྣམ་གྲངས་གཞན་དག་འཛུགས་སྐྲུན་ལ་སྤྱི་འདོམས་འཆར་འགོད་ཀྱིས་སྐུལ་འདེད་བཏང་ཞིང་། འདི་ལོ་ཉིང་ཁྲི་གྲོང་ཁྱེར་གྱིས་འཛུགས་སྐྲུན་རྣམ་གྲངས་599བཀོད་སྒྲིག་བྱས་པའི་ནང་རྩ་ར་ཆུ་ཤུགས་གློག་ཁང་དང་ལག་ཤེས་སློབ་གྲྭའི་དུས་ཐེངས་གཉིས་པ་སོགས་ཀྱི་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་757.7གཏོང་རྒྱུ་དང་འདི་ལོར་མ་དངུལ་སྒོར་དུང་ཕྱུར་117.14གཏོང་རྩིས་ཡོད་པ་རེད། འདི་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར་ཉིང་ཁྲི་གྲོང་ཁྱེར་གྱི་གཏན་འཇགས་རྒྱུ་ནོར་ལ་སྔོན་དཔག་བྱས་ན་མ་དངུལ་སྒོར་དུང་ཕྱུར་75.9བཏང་བ་དེ་དུས་མཚུངས་ལས་14.1%འཕར་ཡོད།
“ཁོར་ཡུག་ལེགས་སུ་གཏོང་བ”དམ་འཛིན་བྱ་གཞིར་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཡིད་དབང་འཕྲོག་ནུས་ཆེ་རུ་བཏང་བ།
འདི་ལོ་ནས་བཟུང་ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱུན་མཐུད་ངང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་། ཡུལ་སྐོར་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ། ཞབས་ཞུའི་ཁོར་ཡུག་ལེགས་སུ་གཏོང་བ་བཅས་བྱས་ནས་ཁྲོམ་རའི་གཉེར་སྐྱོང་བྱེད་པོའི་གསོན་ཤུགས་འཕེལ་བར་བྱས་ཡོད།
ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་ཞིང་། ཉིང་ཁྲི་གྲོང་ཁྱེར་གྱི་ཚོང་གཉེར་ཁོར་ཡུག་ཐད་ལྷག་པའི་གནད་དོན་ལ་དམིགས་ཏེ་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་ཚོང་འགུགས་མ་འདྲེན་གྱི་ལས་དོན་ཚོགས་འདུ་འཚོགས་པ་དང་། གྲོང་ཁྱེར་རིམ་པའི་འགོ་ཁྲིད་ཀྱིས་ཁེ་ལས་དང་འབྲེལ་གཏུག་བྱེད་པའི་ལམ་ལུགས་བཙུགས་ནས“ཉིང་ཁྲིའི་གྲོས་མོལ”དང“ཁེ་ལས་སུ་བསྐྱོད་ནས་རེ་ཞུ་ཉན་པ”“ཅུས་ཀྲང་ཚོམས་ཆེན་དུ་བསྐྱོད་དེ་སྐུ་ངོ་མས་ཞབས་འདེགས་ཞུ་བ”སོགས་ཀྱི་བྱེད་སྒོ་སྤེལ་བས་ཁེ་ལས་ཀྱི་བློ་ཡིད་ཚིམ་ཚད་98%ཡན་ཟིན་ཡོད། འདི་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར་ཉིང་ཁྲི་གྲོང་ཁྱེར་དུ་སྐྲུན་བཞིན་པའི་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་121ལ་མ་དངུལ་སྒོར་དུང་ཕྱུར་330.53གཏོང་རྩིས་ཡོད་པ་དང་། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་37.07དམིགས་སར་འབྱོར་བ་དེ་དུས་མཚུངས་ལས་11.8%འཕར་ཡོད།
ཡུལ་སྐོར་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་བཏང་ཞིང་། ཉིང་ཁྲི་གྲོང་ཁྱེར་གྱིས་འཛམ་གླིང་རིམ་པའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱ་ཡུལ་བསྐྲུན་པའི་དམིགས་ཚད་ལ་དམ་པོར་དམིགས་ནས《ཉིང་ཁྲིའི་རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་སྔོན་སྤེལ་ཁུལ་གྱི་འཆར་འགོད》སྒྲིག་བཟོ་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་2.17བཏང་ནས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ཏེ“G318·ཀྲུང་གོའི་ཡུལ་ལྗོངས་མཛེས་ཤོས་ཀྱི་ལམ་ཆེན”དང“G219རྒྱལ་ཁབ་ཀྱི་ལམ་ཆེན”གཙོ་གནད་ཐོག་བཏོད་ཡོད། འདི་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར་ཉིང་ཁྲི་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་1012.69ལ་སྣེ་ལེན་ཞུས་པར་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་88.49བྱུང་བ་དེ་དུས་མཚུངས་ལས་55.89%དང་58.13%སོ་སོར་འཕར་ཡོད།
ཞབས་ཞུའི་ཁོར་ཡུག་ལེགས་སུ་བཏང་ཞིང་། འཛད་རྫས་གཤམ་སྐྱེལ་དང་ཞིང་ལས་ཐོན་རྫས་གྲོང་ཁྱེར་དུ་འཚོང་བའི་ཕན་ཚུན་འགྲོ་རྒྱུག་བྱེད་པའི་དྲ་རྒྱ་འཚོལ་ཞིབ་ཀྱིས་བཙུགས་ཏེ《གྲོང་གསེབ་ཀྱི་སྐུར་སྐྱེལ་ཟོག་འགྲེམས་མ་ལག་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་ཉིང་ཁྲི་གྲོང་ཁྱེར་གྱི་ལག་བསྟར་ཇུས་གཞི》བཏོན་ནས་མྱུར་སྐྱེལ་ཟོག་འགྲེམས“གྲོང་ཚོ་ཀུན་ལ་ཁྱབ་པར”ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་ལྗོངས་ཡོངས་ཀྱི་སྔོན་ལ་སྐུར་སྐྱེལ་ཟོག་འགྲེམས་ཀྱི“མཐའ་མའི་འགག་གནད”བསལ་ཡོད།
“སྒྱུར་བཅོས་ཟབ་གཏོང”ཚད་བརྒལ་བྱེད་སར་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་བཏང་བ།
གཙོ་གནད་ཁྱབ་ཁོངས་ལ་སྒྱུར་བཅོས་བྱས་ཏེ་སྒུལ་ཤུགས་ཆེ་རུ་བཏང་ཞིང་། “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་བཏང་བས་2022ལོ་ནས་བཟུང་ཉིང་ཁྲི་གྲོང་ཁྱེར་གྱིས་རྫོང(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་གི་སྲིད་འཛིན་ཞིབ་མཆན་དོན་ཚན་ཁག་69གཤམ་སྤྲོད་བྱས་ནས་ལོ་མཇུག་གོང་རྣམ་གྲངས་24གསེད་དཀྲོལ་དང་གཤམ་སྤྲོད་བྱ་རྩིས་ཡོད་པ་རེད། “དངུལ་ཁང་དང་ཁག་ཐེག་ཟུང་དུ་འབྲེལ་བའི”མཉམ་ལས་བྱེད་སྟངས་འཚོལ་ཞིབ་བྱས་ནས་ཁྲོམ་རའི་བྱེད་པོ་44ལ་བྱེད་སྒོ་གཉེར་བར་སྒོར་དུང་ཕྱུར་1.4ལྷག་ཙམ་གྱི་མ་དངུལ་བསྡུ་སྒྲིལ་གྱི་ཁག་ཐེག་བྱས་ཡོད། “སྣེ་འདྲེན་ཁེ་ལས་དང་། མཉམ་ལས་ཁང་། ཞིང་འབྲོག་པ”བཅས་ཟུང་དུ་འབྲེལ་བའི་གཉེར་སྐྱོང་རྣམ་པ་ཁྱབ་གདལ་གཏོང་བ་དང་ཁེ་ཕན་མཉམ་འབྲེལ་གྱི་ལམ་སྲོལ་ས་ཚིགས་12བཙུགས་ནས་ཐོན་སྐྱེད་ཆུང་གྲས་ཀྱི་ཚོང་དུད་ཁྲི་སྟོང་མང་པོ་འགྱུར་ལྡོག་ཆེ་བའི་ཁྲོམ་ར་ཆེན་པོ་དང་འབྲེལ་མཐུད་བྱ་རྒྱུར་སྐུལ་འདེད་བཏང་ཡོད།
སྒོ་དབྱེ་རྒྱུན་མཐུད་ཆེ་རུ་བཏང་ནས་གསོན་ཤུགས་འཕེལ་ཞིང་། རྒྱལ་ཁོངས་ཕྱི་ནས་ཡིན་པའི་མི་སྣ་རྒྱལ་ནང་དུ་ཡུལ་སྐོར་ཡོང་བའི་འགྲོ་ལུགས་སྟབས་བདེ་རུ་བཏང་སྟེ“བོད་དུ་ཡོང་བའི་གཏན་འཁེལ་ཡི་གེའི”ཆེད་དོན་དྲ་བའི་ཞིབ་མཆན་དང“གཅིག་འཐུས་རྣམ་པའི”ཞབས་ཞུར་སྐུལ་འདེད་བཏང་ནས་འགྲོ་ལུགས་གཉེར་བའི་དུས་ཚད་ལས་ཀའི་ཉིན་གྲངས་3བར་ཐུང་དུ་བཏང་ཡོད། གྲོང་ཁུལ་དུ་གཞིས་ཆགས་རྒྱུ་ཁྱོན་ཡོངས་ནས་ལྷུག་ཏུ་བཏང་སྟེ《ཉིང་ཁྲི་གྲོང་ཁྱེར་གྱིས་གྲོང་ཁུལ་དུ་གཞིས་ཆགས་པའི་ཚད་བཀག་ལྷུག་ཏུ་གཏོང་བའི་ལག་བསྟར་ཞིབ་སྲོལ(ཚོད་ལྟའི་ལག་བསྟར)》བཏོན་ནས“རེའུ་མིག་གཅིག་ནས་རེ་ཞུ་དང་སྐར་ཁུང་གཅིག་ནས་བདག་སྤྲོད”ལག་བསྟར་བྱས་ཏེ། མི་157ལ་གནས་སྤོའི་འགྲོ་ལུགས་གཉེར་བ་དང་མི་112གཞིས་ཆགས་ཐུབ་པ་དང་། ཀོང་ཏུང་དང་ཉིང་ཁྲི་དབར་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཧྲེན་ཀྲེན་ནས་ཉིང་ཁྲི་བར་གྱི་ཐད་འཕུར་མཁའ་ལམ་སླར་གསོ་བྱས་པ། “སེ་འབྲུའི་རྡོག་བཞིན་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”ཀྲུའུ་ཀང་ཨའོ་དང་ཉིང་ཁྲིའི་གཞོན་ནུ་ལོ་ཆུང་དབར་ཆ་སྒྲིག་གཉེན་འཚོལ་བྱས་པ། ཕྱི་རྒྱལ་སྨྱན་སྦྱོར་གྱི་ཕོ་ཉའི་ཚོགས་པ་ཉིང་ཁྲིར་འཚམས་འདྲིར་སྐྱོད་པའི་བྱེད་སྒོ་འགན་ལེན་གང་ལེགས་བྱས་པ་དང་ནེ་པ་ལའི་པོ་ཁེ་ལཱ་གྲོང་ཁྱེར་དུ་འཚམས་འདྲིར་སྐྱོད་པའི་བྱེད་སྒོ་སྒྲིག་འཛུགས་བྱས་པ། 2023ལོའི་ཤང་ཀང་དང་ཨའོ་མོན་གྱི་སྤེལ་རེས་བྱེད་སྒོ་རབ་དང་རིམ་པ་བདེ་བླག་ངང་སྤེལ་ནས་ཉིང་ཁྲིའི“གྲོགས་ཚོགས”ཟམ་མི་ཆད་པར་རྒྱ་ཆེར་བཏང་ཡོད།