ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བརྒྱད་པའི་ཐོག་ནན་བཤད་གནང་དོན།
འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྱུར་བཅོས་ནང་ཧུར་ཐག་ཞུགས་ནས་ཆུ་ཚད་མཐོ་པོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་ནུས་ཆེ་རུ་གཏོང་དགོས།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་27ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྲིག་སྲོལ་དང་འཛམ་གླིང་ཚོང་དོན་རྩ་འཛུགས་སྒྱུར་བཅོས་ཐད་མཉམ་སྡེབ་སློབ་སྦྱོང་ཐེངས་བརྒྱད་པ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་ནས། འཛམ་གླིང་ཚོང་དོན་རྩ་འཛུགས་ནི་ཕྱོགས་མང་རིང་ལུགས་ཀྱི་ཀ་རྟེན་གལ་ཆེན་ཞིག་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་གི་གར་སྟེགས་གལ་ཆེན་ཞིག་རེད། འཛམ་གླིང་ཚོང་དོན་རྩ་འཛུགས་ལ་དགོས་ངེས་ཀྱི་སྒྱུར་བཅོས་བྱེད་པ་ནི་ཡོངས་ཁྱབ་ཀྱི་ངོས་འཛིན་གཅིག་མཐུན་དང་དུས་ཀྱི་འཕེལ་ཕྱོགས་ཤིག་རེད། ང་ཚོས་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་སྤྱི་འདོམས་དེ་བས་ཡག་པོ་དང་འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་དེ་བས་ཡག་པོ་བྱེད་པའི་མཐོ་ཚད་ནས་འཛམ་གླིང་ཚོང་དོན་རྩ་འཛུགས་སྒྱུར་བཅོས་ལ་ཞུགས་པའི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུགས་ཀྱི་རང་བཞིན་ངོས་འཛིན་གཏིང་ཟབ་བྱས་ཏེ། ལོ་རྒྱུས་ཀྱི་འགན་འཁྲི་དང་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྱུར་བཅོས་དང་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གི་སྒྲིག་སྲོལ་ལེགས་སྒྲིག་ལ་ཕྱོགས་ཡོངས་ནས་ཞུགས་ཏེ་ཆུ་ཚད་མཐོ་པོས་ཕྱི་ཕྱོགས་ལ་སྒོ་མོ་ཕྱེ་ནས་གཏིང་ཟབ་པའི་སྒྱུར་བཅོས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཚོང་དོན་པུའི་ཞིབ་འཇུག་ཁང་གི་ཡོན་ཀྲང་དང་ཞིབ་འཇུག་པ་ཀུའུ་ཞུའེ་མིང་གིས་གནད་དོན་དེའི་ཐད་འགྲེལ་བཤད་བརྒྱབ་ནས་ལས་ཀའི་གྲོས་འགོ་བཏོན་པ་རེད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ནན་ཏན་ངང་འགྲེལ་བཤད་གསན་པ་དང་འབྲེལ་གྲོས་བསྡུར་ཡང་གནང་བ་རེད།
ཞི་ཅིན་ཕིང་གིས་འགྲེལ་བཤད་གསན་པ་དང་གྲོས་བསྡུར་གནང་གྲུབ་རྗེས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་འཛམ་གླིང་ཚོང་དོན་རྩ་འཛུགས་ནང་ཞུགས་པ་དེ་ནི་རང་རྒྱལ་གྱིས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་ལམ་ཚད་རྡོ་རིང་ལྟ་བུ་ཞིག་རེད། དུས་ཐུང་ལོ་20ལྷག་ཙམ་རིང་། རང་རྒྱལ་གྱི་དངོས་ཟོག་ཚོང་དོན་གྱི་སྤྱི་འབོར་ལྡབ་11འཕར་ནས་གོ་ལ་ཧྲིལ་པོའི་དངོས་ཟོག་ཚོང་དོན་གྱི་རྒྱལ་ཁབ་ཆེན་པོ་ཨང་དང་པོ་དང་རྒྱལ་ཁབ་དང་ས་ཁུལ་140ལྷག་ཙམ་གྱི་ཚོང་དོན་རོགས་ཟླ་གཙོ་བོར་གྱུར་ཏེ། གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་ཆེད་ལོ་རེར་ཆ་སྙོམས་ལེགས་སྐྱེས་འབུལ་ཚད་30%ཙམ་ཟིན་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྱུར་བཅོས་ནང་ཞུགས་ནས་འཛམ་གླིང་ཚོང་དོན་རྩ་འཛུགས་ལྟེ་བར་བྱེད་པའི་ཕྱོགས་མང་ཚོང་དོན་སྒྲིག་གཞིའི་དབང་གྲགས་རང་བཞིན་དང་གོ་ཆོད་རང་བཞིན་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱས་ཏེ། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་རྩོད་གཞི་ཐག་གཅོད་བྱེད་པའི་ལམ་སྲོལ་རྒྱུན་གཏན་ལྟར་འཁོར་སྐྱོད་སླར་གསོ་ཐུབ་པར་སྐུལ་འདེད་ཧུར་ཐག་གཏོང་དགོས། ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་བློ་བརྟན་འགྱུར་མེད་ངང་ལངས་ཏེ་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་ཁ་ཕྱོགས་ཆེན་པོ་མཐའ་འཁྱོངས་དང་། དར་ཆ་གསལ་སྟོན་གྱིས་རང་མོས་ཚོང་དོན་དང་ཕྱོགས་མང་རིང་ལུགས་ངོ་མའི་འདོད་ཚུལ་འཛིན་པ། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ། དཔལ་འབྱོར་ཚོང་དོན་གྱི་གནད་དོན་ཆབ་སྲིད་ཅན་དང་། མཚོན་ཆ་ཅན། བདེ་འཇགས་ཉེན་བསམ་བཅས་ལ་འགྱུར་རྒྱུར་ངོ་རྒོལ་བཅས་བྱས་ནས་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་བསྐྲུན་པར་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། སྒོ་དབྱེར་བརྟེན་ནས་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ནི་རང་རྒྱལ་གྱི་དེང་རབས་ཅན་འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པའི་མཆོག་ནོར་གལ་ཆེན་ཞིག་རེད། འདི་ལོ་ནི་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་45འཁོར་བའི་ལོ་ཡིན་པས། རང་ངོས་སྒྱུར་བཅོས་ཀྱི་ལས་དོན་ཆེན་པོ་མུ་མཐུད་ཡག་པོ་བསྒྲུབས་ནས། སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་ཆབས་ཅིག སྒྱུར་བཅོས་ཀྱི་ལམ་བུར་གོམ་སྟབས་བརྟན་པོས་སྐྱོད་དགོས། ཚད་གཞི་མཐོ་བའི་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་གྱི་སྒྲིག་སྲོལ་དང་དེ་བས་རང་འགུལ་ངང་འབྲེལ་མཐུད་བྱས་ནས་སྒྲིག་སྲོལ་དང་། སྒྲིག་ལམ། དོ་དམ། ཚད་གཞི་སོགས་ལམ་ལུགས་རྣམ་པའི་སྒོ་མོ་འབྱེད་རྒྱ་བརྟན་པོའི་ངང་ཆེ་རུ་གཏོང་བ་དང་། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་མཐོ་ས་གསར་པ་མགྱོགས་མྱུར་གཏོད་པ། ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེའི་རྣམ་པའི་དཔལ་འབྱོར་གྱི་སྒྲིག་སྲོལ་གསར་པ་འཛུགས་པ་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་གཏོད་དགོས། ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་ཧུར་ཐག་བསྐྲུན་ཏེ《ཕྱོགས་ཡོངས་དང་ཡར་ཐོན་གྱི་སྒོ་ནས་ཞི་བདེ་རྒྱ་མཚོ་ཆེན་པོ་སྒྲོལ་བའི་རོགས་ཟླའི་འབྲེལ་བའི་གྲོས་ཆོད》དང《གྲངས་འཛིན་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད》ནང་ཞུགས་པར་སྐུལ་འདེད་གཏོང་རྒྱུ་གོ་སྐབས་སུ་བྱས་ནས་ནང་འདྲེན་གྱི་མི་མངོན་པའི་སྟོབས་ཤུགས་སྔར་བས་འཕེལ་བ་བྱེད་པ་དང་། ཁྲོམ་རའི་འཇུག་འཐུས་ལྷུག་ཏུ་གཏོང་བ། ཕྱོགས་མང་དང་ཕྱོགས་གཉིས་མཉམ་ལས་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཕྱི་དངུལ་གྱི་ཡིད་དབང་འགུག་ཤུགས་ཆེ་རུ་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་ནུས་ཆེ་རུ་གཏོང་དགོས། བརྟག་དཔྱད་ཞིབ་འཇུག་རྒྱ་ཆེར་བྱས་ནས། རང་རྒྱལ་གྱི་སྒོ་དབྱེ་འཕེལ་རྒྱས་ཀྱི་གྲུབ་འབྲས་ཉམས་མྱོང་ཡག་པོ་ཕྱོགས་སྡོམ་དང་བེད་སྤྱོད་པ་དང་། སྒོ་དབྱེའི་ལས་དོན་གྱི་འཐབ་ཇུས་རང་བཞིན་དང་། མ་ལག་རང་བཞིན། སྔོན་མཐོང་རང་བཞིན་བཅས་ཀྱི་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ། རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་ཁྱབ་ཁོངས་ཀྱི་གནས་ཚུལ་གསར་པ་དང་གནད་དོན་གསར་པ་གནད་འཁེལ་མཐིལ་རྟོགས་བཅས་བྱས་ཏེ་སེམས་ལ་གདེང་ཚོད་ཡོད་པ་དང་། ལག་ཏུ་བྱེད་ཐབས་ཡོད་པ། བྱ་སྤྱོད་ནུས་ལྡན་སྤེལ་ཐུབ་པ་བཅས་བྱེད་དགོས། རྒྱལ་སྤྱིའི་སྒྲིག་སྲོལ་ལ་བརྟེན་ནས་རང་རྒྱལ་གྱི་འཕེལ་རྒྱས་དབང་ཆ་སྲུང་སྐྱོང་བྱེད་པའི་ནུས་པ་ཆེ་རུ་བཏང་ནས། ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་དང་། འཇོན་ཐང་ཆེ་བ། སྤྱོད་ཚུལ་ལེགས་པ་བཅས་ཀྱི་ཆུ་ཚད་མཐོ་བའི་ཆེད་ལས་ཅན་གྱི་ཕྱི་ཕྱོགས་སྒོ་དབྱེའི་ལས་དོན་དཔུང་ཁག་ཅིག་མགྱོགས་མྱུར་བསྐྲུན་དགོས།