ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གིས“གྲོགས་ཚོགས”ཀྱི་ཁོངས་མིའི་གྲངས་འབོར་109བར་མང་དུ་བཏང་བ།
འཛམ་གླིང་མི་འབོར་གྱི་81%དང་གོ་ལ་ཧྲིལ་པོའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་65%ལ་ཁྱབ་པ།

འདི་ནི་ཟླ་9ཚེས་26ཉིན། ཨེ་ཅིབ་ཀྱི་ཧྲ་མུའུ་ཧྲ་དབྱི་ཧོར་ཚོགས་འདུར་ཞུགས་མཁན་གྱིས་ཨེ་ཤེ་ཡ་མ་འཇོག་དངུལ་ཁང་ལས་འཛིན་ལྷན་ཚོགས་ཀྱི་ལོ་ཚོགས་སྐབས་བརྒྱད་པའི་འགྲེམས་པང་མདུན་ནས་སྐྱོད་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་ཨེ་ཅིབ་ཀྱི་གྲོང་ཁྱེར་ཧྲ་མུའུ་ཧྲ་དབྱི་ཧོ་ནས་ཟླ་9ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང(ཨེ་ཤེ་ཡ་མ་འཇོག་དངུལ་ཁང)གིས་ཚེས་26ཉིན་གནས་ཚུལ་སྤེལ་བར། ཨེ་ཤེ་ཡ་མ་འཇོག་དངུལ་ཁང་གིས་ཨེ་ཅིབ་ཀྱི་ཧྲ་མུའུ་ཧྲ་དབྱི་ཧོ་རུ་ལས་འཛིན་ལྷན་ཚོགས་ཀྱི་ལོ་ཚོགས་སྐབས་བརྒྱད་པ་འཚོགས་རིང་། སར་ཝ་ཏོལ་དང་། སོ་ལོ་མོན་གླིང་ཚོམ། ཐན་ཙན་ནི་ཡ་བཅས་ཨེ་ཤེ་ཡ་མ་འཇོག་དངུལ་ཁང་ནང་ཞུགས་རྒྱུའི་རེ་ཞུར་ཆོག་མཆན་སྤྲད་པ་རེད།
ད་བར་ཨེ་ཤེ་ཡ་མ་འཇོག་དངུལ་ཁང་གི་ཁོངས་མིའི་གྲངས་འབོར་109བར་མང་དུ་ཕྱིན་ནས་འཛམ་གླིང་མི་འབོར་གྱི་81%དང་གོ་ལ་ཧྲིལ་པོའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་65%ལ་ཁྱབ་ཡོད།
ལོ་ཚོགས་དེ“གོ་ལ་ཧྲིལ་པོའི་འགྲན་སློང་འོག་གི་རྒྱུན་མཐུད་ཆོག་པའི་འཕར་རྒྱུ”བརྗོད་དོན་གཙོ་བོར་བྱས་ནས་རྨང་གཞིའི་སྒྲིག་བཀོད་འཕེལ་རྒྱས་ཁྱབ་ཁོངས་ཀྱི་འགག་རྩའི་དགོས་མཁོར་དམིགས་ཏེ། ཕྱོགས་མང་མཉམ་ལས་ཀྱིས་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་བ་དང་། ས་ཁོངས་ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོའི་ཐུན་མོང་འགྲན་སློང་ལ་ཁ་གཏད་གཅོག་པ་བཅས་ཀྱི་ཐད་ཐོན་པའི་ནུས་པ་གལ་ཆེན་ལ་དམིགས་ནས་སྤྱི་དམངས་ལ་ཕྱོགས་པའི་ཆེད་དོན་གླེང་སྟེགས་20ལྷག་ཙམ་གཉེར་ཡོད།