མཚོ་སྔོན་ཞིབ་དཔྱོད་ལས་ཁུངས་ཀྱིས་མོ་ཁྲུང་མིང་གིས་ལྐོག་རྔན་བླངས་པའི་དོགས་ཡོད་གྱོད་གཞིར་ཁྲིམས་ལྟར་གཞུང་གཏུག་བརྒྱབ་པ།
ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་9ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཚེས་25ཉིན་གསར་འགོད་པར་མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་གི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་དང་ཐིང་ཀྲང་མོ་ཁྲུང་མིང་གིས་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་ཉེས་གསོག་གྱོད་གཞིར་མཚོ་སྔོན་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་བྱེད་མཇུག་འགྲིལ་ནས་ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་ཁྲིམས་སྦྱོར་བྱ་རྒྱུར་རྩིས་སྤྲད་པ་རེད། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་སྒྲུབ་གཉེར་བྱ་རྒྱུར་སྤྲད་པ་བརྒྱུད། ཟི་ལིང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ཟི་ལིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་གཞུང་གཏུག་བརྒྱབ་པ་རེད།
ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་བཤེར་ཁྲིམས་སྦྱོར་བྱེད་པའི་དུས་མཚམས་སུ། ཁྲིམས་ལྟར་ཞུ་སྦྱོར་ཕྱི་མ་མོ་ཁྲུང་མིང་ལ་ཡོད་པའི་གཏུག་བཤེར་དབང་ཆ་ཤེས་སུ་བཅུག་པ་དང་ཆབས་ཅིག ཁྲིམས་ལྟར་ཞུ་སྦྱོར་ཕྱི་མར་འདྲི་རྩད་བྱས་པ་དང་དག་འབུད་བྱེད་མཁན་གྱི་བསམ་འཆར་ཉན་པ་རེད། ཟི་ལིང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་སྦྱོར་ཉེས་བགྲང་བྱས་དོན། 2013ལོ་ནས་2017ལོ་བར། ཞུ་སྦྱོར་ཕྱི་མ་མོ་ཁྲུང་མིང་གིས་སྔ་རྗེས་སུ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་དྲུང་ཆེ་གཞོན་པ་དང་། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཀྲོའུ་ཨུད་ཀྱི་རྒྱུན་ཨུ། ཚྭ་འདམ་གཤོང་ས་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟའི་ཁུལ་ཏང་གི་ལས་དོན་ཨུ་ལྷན་གྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། དོ་དམ་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་བཅས་བྱེད་རིང་གོ་གནས་ཀྱི་སྟབས་བདེ་སྤྱད་པའམ་ཡང་ན་དེའི་འགན་དབང་ལས་བྱུང་བའི་སྟབས་བདེའི་ཆ་རྐྱེན་སྤྱད་ནས་མི་གཞན་ལ་ཁེ་ཕན་ཐོབ་ཐབས་བྱས་པ་དང་ཁྲིམས་འགལ་ངང་མི་གཞན་གྱི་རྒྱུ་ནོར་བླངས་པའི་དངུལ་འབོར་ཧ་ཅང་ཆེ་བས་ཁྲིམས་ལྟར་ལྐོག་རྔན་བླངས་པའི་ཉེས་པ་བསགས་པར་བརྩིས་ནས་དེའི་ཉེས་དོན་འགན་འཁྲི་རྩད་གཅོད་བྱེད་དགོས།