ཙན་པི་ཡར་ཡོད་པའི་ཀྲུང་གོ་དངུལ་ཁང་གིས་རྒྱལ་མཚམས་སྒྲོལ་བའི་མི་དམངས་ཤོག་སྒོར་གྱི་ལས་སྒོའི་འོས་སྦྱོར་ཚོགས་འདུ་འཚོགས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལུ་ས་ཁ་ནས་ཟླ་9ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན། ཙན་པི་ཡར་ཡོད་པའི་ཀྲུང་གོ་དངུལ་ཁང་གིས་ཙན་པི་ཡའི་རྒྱལ་ས་ལུ་ས་ཁ་རུ“ཀྲུང་གོ་དང་ཙན་པི་ཡའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་རྒྱལ་མཚམས་སྒྲོལ་བའི་མི་དམངས་ཤོག་སྒོར་གྱི་ལས་སྒོའི་འོས་སྦྱོར་ཚོགས་འདུ”འཚོགས་ནས། མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་གྱི་རྒྱབ་ལྗོངས་དང་རྒྱལ་མཚམས་སྒྲོལ་བའི་མི་དམངས་ཤོག་སྒོར་གྱི་སྲིད་ཇུས་སོགས་ཀྱི་ནང་དོན་ངོ་སྤྲོད་བྱས་པ་རེད། ཙན་པི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་ཀུང་ཚན་མོང་ཧའོ་དང་ཙན་པི་ཡར་ཡོད་པའི་ཀྲུང་གོའི་མ་འཇོག་ཁེ་ལས་དང་ལས་ཁུངས་ཀྱི་འཐུས་མི་སོགས་བྱེད་སྒོར་ཞུགས་ཡོད་པ་རེད།
མོང་ཧའོ་ཡིས་ད་ཐེངས་ཀྱི་འོས་སྦྱོར་ཚོགས་འདུ་དེ་ཙན་པི་ཡའི་ཙུང་ཐུང་ཤིས་ཆི་ལའེ་མཱ་ཀྲུང་གོར་འཚམས་འདྲི་གནང་མཇུག་འགྲིལ་བ་དང་ཀྲུང་ཙན་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པའི་དུས་སུ་འཚོགས་པ་རེད། ཀྲུང་ཙན་དཔལ་འབྱོར་ཚོང་དོན་འགྲོ་འོང་ཁྲོད་མི་དམངས་ཤོག་སྒོར་སྤྱོད་རྒྱ་ཆེ་རུ་གཏོང་རྒྱུ་དེས་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་བྱེད་པར་ཕན་ཐོགས་ཡོད་ལ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་འགྲོ་འོང་ཟབ་ཏུ་གཏོང་བར་ཡང་ཕན་ཐོགས་ཡོད། དངུལ་ཁང་དང་ཁེ་ལས་ནི་མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་གྱི་བྱེད་པོ་གལ་ཆེན་ཞིག་ཡིན་པས་དངུལ་ཁང་དང་ཁེ་ལས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་ནས། གོ་རིམ་ལྡན་པའི་ངང་མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།
ཙན་ཀྲུང་དངུལ་ཁང་གི་ཧང་ཀྲང་གི་ལས་རོགས་ཧུང་ཅེ་མིན་གྱིས་2011ལོར་མི་དམངས་ཤོག་སྒོར་གྱི་ལས་སྒོ་དངོས་སུ་གཉེར་བ་ནས་བཟུང་། ཙན་ཀྲུང་དངུལ་ཁང་གིས་རིམ་རྩིས་བྱས་ན་མི་དམངས་ཤོག་སྒོར་ཞིབ་རྩིས་རྒྱག་ཚད་དུང་ཕྱུར་160ལྷག་ཙམ་ཟིན་ཡོད། སང་ལོ་ནི་ཀྲུང་ཙན་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བའི་ལོ་ཞིག་ཡིན་ལ་ཀྲུང་ཙན་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་ལོ་དང་ཀྲུང་ཙན་རྒྱལ་ཁབ་གཉིས་པོའི་རིག་གནས་དང་ཡུལ་སྐོར་ལོ་ཞིག་ཀྱང་ཡིན་པས། ཙན་ཀྲུང་དངུལ་ཁང་གིས་ཕྱི་ཕྱོགས་འཕེལ་རྒྱས་ཀྱི་གོ་སྐབས་འཕྱུགས་མེད་དང་དུས་ཐོག་ཏུ་སྟངས་འཛིན་བྱས་ནས་ཙན་པི་ཡར་མི་དམངས་ཤོག་སྒོར་བེད་སྤྱོད་དང་འཁོར་རྒྱུག་ལ་སྔར་བས་ཡོང་བར་སྐུལ་འདེད་བཏང་སྟེ། མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་ལ་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།
འདི་ལོ་ནི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་ནས་ལོ་བཅུ་འཁོར་བའི་ལོ་ཞིག་ཡིན་པས། ཀྲུང་ཙན་རྒྱལ་ཁབ་གཉིས་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་སྒྲོམ་གཞིའི་ནང་མཉམ་ལས་དམ་ཟབ་བྱེད་ཀྱི་ཡོད། 2022ལོར་ཀྲུང་ཙན་ཕྱོགས་གཉིས་པོའི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་67.3ཟིན་པ་དེ་ལོ་གོང་མ་ལས་30.2%འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་དེ། ཀྲུང་ཙན་མི་དམངས་ཤོག་སྒོར་བསྡོམས་རྩིས་རྒྱག་པའི་ལས་སྒོའི་ཆེད་དཔལ་འབྱོར་ཚོང་དོན་གྱི་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།