རྒྱལ་ཁབ་འབྲུབ་འགོག་ཐན་འགོག་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུས།
གཙོ་གནད་ས་ཁུལ་གྱི་སྟོན་དུས་འབྲུབ་འགོག་ལས་དོན་བཀོད་སྒྲིག་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན་རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའི་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུས་འབྲུབ་འགོག་གི་ཆེད་དོན་བརྙན་ལམ་མཉམ་གྲོས་བཀོད་གཏོང་སྒྲིག་འཛུགས་བྱས་ནས་ཀྲུང་གོ་གནམ་གཤིས་ཅུས་དང་། ཆུ་བེད་པུའུ། རང་བྱུང་ཐོན་ཁུངས་པུའུ་བཅས་དང་མཉམ་འབྲེལ་ཐོག་ཧྭ་ཤིས་ས་ཁུལ་གྱི་སྟོན་ཆར་དང་ཧང་ཀྲོའུ་ཡི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་འཚོག་རིང་གི་འབྲུབ་འགོག་དུས་བབ་ལ་མཉམ་གྲོས་མཐའ་དཔྱོད་དང་། ཀྲེ་ཅང་དང་། ཧུའུ་པེ། ཁྲུང་ཆིང་སོགས་ཞིང་ཆེན་གྱི་འབྲུབ་འགོག་ཐན་འགོག་གཞུང་དོན་ཁང་དང་བརྙན་ལམ་འབྲེལ་མཐུད་བྱས་ནས་གཙོ་གནད་ས་ཁུལ་གྱི་འབྲུབ་འགོག་ལས་དོན་བཀོད་སྒྲིག་བྱས་པ་རེད།
མཉམ་གྲོས་བྱས་འབྲས་ལ་གཞིགས་ན། ཉེ་དུས་ཧྭ་ཤིས་ས་ཁུལ་དུ་ཆར་པ་བབས་ཚད་རྒྱུན་གཏན་གྱི་དུས་མཚུངས་ལས་མངོན་གསལ་དོད་པོས་མང་བ་དང་། ཁྲུང་ཆིང་དང་། སི་ཁྲོན་ཤར་རྒྱུད། ཧྲའན་ཤིས་ལྷོ་རྒྱུད། ཧུའུ་པེའི་དབུས་ནུབ་རྒྱུད། ཧོ་ནན་ལྷོ་རྒྱུད་སོགས་སུ་སྔར་བཞིན་ཆར་པ་ཅུང་དྲག་པོ་བབས་ཏེ། ཆུ་ལོག་གི་ས་གཤིས་གནོད་འཚེ་དང་། ཆུ་བོ་འབྲིང་ཆུང་གི་ཆུ་ལོག ཆུ་མཛོད་འབྲིང་ཆུང་བཅས་སུ་འབྲུབ་དུས་བདེ་སྒྲོལ་ཐུབ་མིན་གྱི་ཉེན་ཁ་མངོན་གསལ་དོད་པོ་ཡོད་པ་རེད། མིག་སྔར་ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་འཚོག་བཞིན་ཡོད་པ་དང་། ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་གྱི་གུང་གསེང་ཡང་འཆར་ཉེར་ཡོད་པར་བརྟེན། ཡུལ་སྐོར་དང་གཉེན་འཕྲད་སོགས་ཀྱི་ཕྱིར་སྐྱོད་ཚད་མང་དུ་ཕྱིན་པས། འབྲུབ་འགོག་བདེ་འཇགས་ལ་གནོན་ཤུགས་དེ་བས་ཆེ་བ་འཕྲད་སྲིད།
འཕྲལ་སྡོམ་དོ་དམ་པུའི་འབྲེལ་ཡོད་འགན་འཁུར་བས་ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ངེས་པར་དུ་དོགས་ཟོན་ཆེན་པོ་བྱས་ནས་ཆུ་ལོག་དང་ཞོད་སྐྱོན་གྱི་ས་གཤིས་གནོད་འཚེ་འགོག་ཟོན་དང་དེར་ཁ་གཏད་གཅོག་པའི་ལས་དོན་འགོ་མཇུག་གཟབ་འཁྱོངས་བྱེད་དགོས། མུ་མཐུད་དུ་རིམ་པ་རེ་རེ་བཞིན་དུ་འབྲུབ་འགོག་གི་འགན་འཁྲི་ནན་དུ་གཏོང་དགོས་པ་དང་། ལྷག་པར་དུ་ཁེ་ལས་ལ་འབྲུབ་འགོག་གི་འགན་འཁྲི་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས། ཆུ་ལོག་གི་ས་གཤིས་གནོད་འཚེ་མུ་མཐུད་ནན་འགོག་བྱས་ཏེ་བརྡ་ལན་མཉམ་འགུལ་དང་སྐོར་ཞིབ་འགོག་སྲུང་ཡག་པོ་བྱེད་དགོས། ཆུ་བོ་འབྲིང་ཆུང་དང་ཆུ་མཛོད་འབྲིང་ཆུང་གི་འབྲུབ་འགོག་བདེ་འཇགས་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། ཆུ་རགས་གལ་ཆེན་དང་། གཙོ་གནད་ཁུལ་དུ་རོགས་སྐྱོབ་སྟོབས་ཤུགས་དང་ཉེན་སེལ་དངོས་ཟོག་སྔོན་གྲབས་བྱེད་དགོས། ཧང་ཀྲོའུ་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་འཚོག་རིང་འབྲུབ་འགོག་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་རིང་གི་འབྲུབ་འགོག་བདེ་འཇགས་དང་བྱ་ཐབས་ཁག་དོན་འཁྱོལ་ཞིབ་ཕྲ་ཡོང་བའི་འགན་ལེན་བྱེད་དགོས།
མིག་སྔར་རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་ཧུའུ་པེ་དང་། ཁྲུང་ཆིང་། སི་ཁྲོན། ཀུའེ་ཀྲོའུ། ཧྲའན་ཤིས་སོགས་ཞིང་ཆེན་5ལ་དམིགས་པའི་འབྲུབ་འགོག་གི་འཕྲལ་འདོམས་བརྡ་ལན་རིམ་པ་བཞི་པ་རྒྱུན་འཁྱོངས་བྱེད་བཞིན་ཡོད་པ་རེད།