དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • འཆད་སྟེགས་སྟེང་དུ་ཐོག་མའི་བསམ་འདུན་བསྲུངས། མཐའ་མཚམས་གཞི་ཚུགས་སློབ་མ་གསོ་སྐྱོང་བྱས།

    —— 2023ལོའི་རྒྱལ་ཡོངས་ཀྱི་དཔེ་ཁྲིད་མི་སྐྱོང་གི་དཔེ་བཟང་དང་སྨན་གླིང་གྲོང་ཁྱེར་སློབ་འབྲིང་གི་སློབ་སྤྱི་བདེ་སྐྱིད་སྒྲོལ་དཀར་གྱི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-26

    “དགེ་རྒན་གྱི་འགན་འཁྲི་འཁུར་སེམས་ཇི་ཙམ་ཆེ་ན་མི་ཚེའི་གར་སྟེགས་དེ་ཙམ་གྱིས་ཡངས་བ་ཡོད”ཅེས་པ་དེ་ནི་བདེ་སྐྱིད་སྒྲོལ་དཀར་གྱི་བསྲུང་བྱའི་གདམས་ངག་རེད།

    ཟླ་8ཚེས་31ཉིན་སློབ་གསོ་པུས་2023ལོའི་རྒྱལ་ཡོངས་ཀྱི་དཔེ་ཁྲིད་མི་སྐྱོང་གི་དཔེ་བཟང་མིང་ཐོ་ཡོངས་བསྒྲགས་བྱས་པའི་ནང་སྨན་གླིང་གྲོང་ཁྱེར་སློབ་འབྲིང་གི་སློབ་སྤྱི་དང་དགེ་རྒན་བདེ་སྐྱིད་སྒྲོལ་དཀར་ཚུད་ཡོད་པ་རེད།

    བདེ་སྐྱིད་སྒྲོལ་དཀར་གྱིས་བརྩེ་སེམས་དང་གཅེས་སེམས་ལ་བརྟེན་ནས་སློབ་ཕྲུག་གསོ་སྐྱོང་བྱས་ཏེ་ལོ་17རིང་གི་སློབ་གསོའི་བྱ་གཞག་ཁྲོད“ཚེ་གང་རིང་སློབ་ཁྲིད་ནན་ཏན་དང་འཆད་སྟེགས་བརྟན་སྲུང”གི་སློབ་ཁྲིད་ཀྱི་ཐོག་མའི་བསམ་འདུན་དང་མི་གསོ་སྐྱོང་གི་འགན་འཁྲི་ལག་ལེན་བསྟར་ཡོད།

    2006ལོར་སློབ་ཆེན་ཐོན་རྗེས་བདེ་སྐྱིད་སྒྲོལ་དཀར་གྱིས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་སྦྲ་ཆེན་ཤང་སློབ་ཆུང་དུ་དགེ་རྒན་གྱི་ལས་ལ་གཞོལ། 2012ལོར་སྨན་གླིང་སློབ་འབྲིང་དུ་ལས་སྒྱུར་བྱས། “ངར་སློབ་གྲྭའི་སྒོ་འགྲམ་དུ་སློབ་ཕྲུག་ཁ་ཤས་འཕྲད་བྱུང་། ཁོང་ཚོའི་ཤེས་བྱ་སྦྱོང་འདོད་ཀྱི་མིག་ཟུང་ངར་ཅེ་རེར་ལྟ་དུས་སློབ་ཕྲུག་ཚོ་འདི་ནས་ཕྱིར་ཐོན་ཏེ་དེ་བས་ཐག་རིང་གི་ས་ཆར་ཕུགས་འདུན་དོན་གཉེར་བྱེད་དུ་འཇུག་རྒྱུའི་ངའི་ཡིད་ཆེས་དེ་བས་བརྟན་དུ་ཕྱིན་སོང”ཞེས་བདེ་སྐྱིད་སྒྲོལ་དཀར་གྱིས་སེམས་འགུལ་ཐེབས་བཞིན་བཤད།

    སློབ་མ་མི་རེ་ངོ་རེར་ལྟ་སྐྱོང་ཡག་པོ་བྱ་ཆེད་བདེ་སྐྱིད་སྒྲོལ་དཀར་གྱིས་ཐོག་མཐའ་བར་གསུམ་དུ་བྱ་སྤྱོད་སྤེལ་བཞིན་མཆིས། “སློབ་འབྲིང་འགྲིམ་དུས་སློབ་སྦྱོང་གི་གནོན་ཤུགས་ཆེ་བ་དང་ཡིག་རྒྱུགས་གཏོང་སྐབས་དངངས་སྐྲག་ཆེན་པོ་སྐྱེ་ཡི་འདུག དགེ་རྒན་བདེ་སྐྱིད་སྒྲོལ་དཀར་གྱིས་རྟག་ཏུ་ང་དང་ཅི་འཕྲོས་མོལ་འཕྲོས་བྱེད་ཀྱི་ཡོད་པས་རང་ཉིད་ཀྱི་ཡིད་ཆེས་དང་སྤོབས་སེམས་ཀྱང་རིམ་བཞིན་ཆེ་རུ་ཕྱིན་སོང”བདེ་སྐྱིད་སྒྲོལ་དཀར་གྱི་བློ་གཅིག་སེམས་གཅིག་གི་རོགས་རམ་དང་ལྕག་སྐུལ་འོག་སྨན་གླིང་གྲོང་ཁྱེར་སློབ་འབྲིང་གི་སློབ་ཐོན་སློབ་མ་བུ་ཆུང་བདེ་བླག་ངང་གཙོ་གནད་མཐོ་རིམ་སློབ་འབྲིང་དུ་ཡིག་རྒྱུགས་འཕྲོད་པ་རེད།

    སློབ་མའི་རང་ངོས་དོ་དམ་གྱི་འདུ་ཤེས་ཟབ་ཏུ་གཏོང་ཆེད། བདེ་སྐྱིད་སྒྲོལ་དཀར་གྱིས་སྨན་གླིང་གྲོང་ཁྱེར་སློབ་འབྲིང་དུ“ཁྱིམ་བདག་གི་ཚབ་བྱེད”པའི་དོ་དམ་བྱེད་སྟངས་ལག་ལེན་བསྟར་ཞིང་། ཁོང་གིས་རང་དཔེ་གཞན་སྟོན་གྱིས་སློབ་མ་9རྩིས་བླངས་ཏེ། ཁོང་ཚོའི“ཁྱིམ་བདག་གི་ཚབ”བྱས་ནས་སློབ་མ་སློབ་གྲྭར་སྡོད་རིང་གི་སློབ་སྦྱོང་དང་འཚོ་བའི་འགན་འཁུར་གྱི་ཡོད།

    ཤེས་ལྡན་མི་སྣ་མ་ཆགས་གོང་མི་ཡག་པོ་ཞིག་བྱེད་དགོས་པ་དང་། མི་གསོ་སྐྱོང་མ་བྱས་གོང་ཀུན་སྤྱོད་གསོ་སྐྱོང་བྱེད་དགོས། སློབ་འབྲིང་གི་དུས་མཚམས་ནི་སློབ་མའི་མི་ཚེའི་ལྟ་བ་དང་འཇིག་རྟེན་གྱི་ལྟ་བ་གྲུབ་པའི་གལ་ཆེའི་དུས་སྐབས་ཤིག་ཡིན་པས་དགེ་རྒན་གྱིས་དཔེ་ཁྲིད་མི་སྐྱོང་གི་ལས་འགན་ཕྲག་ཏུ་འཁུར་དགོས་ཀྱི་ཡོད། གྲངས་ཉུང་མི་རིགས་ཀྱི་དགེ་རྒན་ཞིག་ཡིན་པའི་བདེ་སྐྱིད་སྒྲོལ་དཀར་གྱིས་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེའི་རང་བཞིན་གསལ་པོ་ཤེས་ཀྱི་ཡོད་པས། ཁོང་གིས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་སེམས་སུ་བཅངས་ནས་སློབ་གྲྭར་རིག་གནས་སྤེལ་རེས་དང་མི་རིགས་རིག་གནས་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་ཏེ། མི་རིགས་མི་འདྲ་བའི་དགེ་སློབ་དབར་གྱི་སྤེལ་རེས་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། མི་རིགས་མཐུན་སྒྲིལ་དེ་བྱ་སྤྱོད་ཐོག་དོན་འཁྱོལ་དང་། དུས་རྒྱུན་གྱི་ལས་ཀའི་ནང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་དེ་རྒྱུན་གཏན་གྱི་སློབ་ཁྲིད་དང་ལས་ཀའི་ཁྲོད་མཉམ་འདྲེས་ཐུབ་པར་སྣང་ཆེན། མི་རིགས་ཁག་གི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བཅས་བྱས་ཏེ། འགྲོ་འོང་ཁྲོད་དགེ་སློབ་རྣམས་ཀྱི་འབྲེལ་བ་སྔར་བས་ཐག་ཉེ་བ་དང་སྔར་བས་སྙིང་ཉེ་བར་འགྱུར་ཐུབ་པ་བྱས་ཡོད།

    ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས། སློབ་གྲྭར་ཕུགས་འདུན་དང་དད་སེམས་དང་། ཀུན་སྤྱོད་དང་བསམ་ཚུལ། ཤེས་ཡོན་བྱང་ཆུབ་པ། བྱམས་བརྩེ་བཅས་ལྡན་པའི་དགེ་རྒན་དཔུང་ཁག་ཅིག་ཡོད་ཚེ་གཞི་ནས་སློབ་མར་ཁྲིད་སྟོན་སྔར་བས་ལེགས་པ་བྱེད་ཐུབ། བདེ་སྐྱིད་སྒྲོལ་དཀར་གྱིས་སློབ་གྲྭའི་དགེ་རྒན“ཕྱིར་སྐྱོད་ནས”སྤེལ་རེས་མང་ཙམ་བྱེད་པ་དང་། ཆེད་ལས་གསོ་སྦྱོང་ནང་མང་ཙམ་ཞུགས་ནས་དགེ་རྒན་གྱི་ཕྱོགས་གང་ཅིའི་ཐད་ཀྱི་འཇོན་ཐང་དང་བྱང་ཚད་མཐོ་རུ་གཏོང་རྒྱུར་ཐོག་མཐའ་བར་གསུམ་དུ་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད། “སློབ་སྤྱིའི་སྣེ་ཁྲིད་འོག་སྨན་གླིང་གྲོང་ཁྱེར་སློབ་འབྲིང་གི་དོ་དམ་རིམ་པ་ནས་འཐབ་ས་དང་པོའི་དགེ་རྒན་དང་། དགེ་རྒན་ལས་བཟོ་ནས་སློབ་མ་བར་ཚང་མར་མི་རིགས་མཐུན་སྒྲིལ་གྱི་གོང་བུ་འགྲིལ་ཤུགས་ཆེན་པོ་ལྡན་ཡོད”ཅེས་སློབ་གྲྭའི་དབྱིན་ཡིག་དགེ་རྒན་ཧོ་ཁྲོན་ཡུས་ཀྱིས་བཤད།

    “ཞི་མཐུན་མཛེས་སྡུག་དང་ཧུར་བརྩོན་ཡར་ཐོན་གྱི་སློབ་གྲྭ་ཞིག་བསྐྲུན་རྒྱུའི་རེ་བ་ཡོད་ལ། སློབ་གྲྭའི་ནང་གླུ་གཞས་དང་། དགོད་སྒྲ། དཔེ་དེབ་ཀློག་པའི་སྒྲ་བཅས་ཀྱིས་ཁེངས་འདོད་འདུག ངས་ཕྲུ་གུ་ཚོའི་འབྱུང་འགྱུར་གྱི་ལམ་སྣེ་བ་ཞིག་བྱས་ཏེ་མུ་མཐུད་སློབ་གསོའི་སྒྲོན་མེ་སྤར་ནས་རྨང་གཞི་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད”བསམ་འདུན་དེའི་ཆེད་དུ་བདེ་སྐྱིད་སྒྲོལ་དཀར་གྱིས་འབད་བརྩོན་བྱས་དང་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།