དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བང་ཕིག་ཤ་ལས་ཞིམ་པ། ཡོང་འབབ་ཆུ་ལས་འབེལ་བ།

    —— གཞིས་རྩེར་བང་ཕིག་བཙོངས་ནས་བདེ་སྡོད་ལས་བརྩོན་བྱེད་པའི་ཀརྨ་ཚེ་རིང་གི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཕུན་ཚོགས་ཉི་སྒྲོན། རྣམ་གླིང་རིན་ཆེན། ཚེ་རིང་གཡུ་སྒྲོན།   |     སྤེལ་དུས།  2023-09-26

    ཀརྨ་ཚེ་རིང་གིས་ཁྲོམ་གཞུང་དུ་བང་ཕིག་འཚོང་བཞིན་པ།

    དེ་བས་མང་བའི་ནང་དོན་ཤེས་འདོད་ན་རྩ་གཉིས་ཨང་རྟགས་འདི་བཤེར་རོགས།

    གཞིས་རྩེའི་ཁྲོམ་གཞུང་དུ་བང་ཕིག་ཟ་བཞིན་པའི་བྱིས་པ།

    གཞིས་རྩེའི་སྤྲོ་འཆམ་ལམ་རྒྱུད་དུ་ཡུལ་སྐོར་དྲན་རྟེན་དངོས་པོ་དང་། མི་རིགས་ཀྱི་ལག་ཤེས་ཐོན་རྫས། གཞིས་རྩེའི་ཁྱད་ལྡན་བཟའ་བཅའ་སོགས་སྣ་མང་ཕུན་སུམ་ཚོགས་པས། ལམ་རྒྱུད་དེའི་ཕྱོགས་གང་སར་འཁྲུག་ཆ་དོད་ཅིང་། ཉེར་མཁོའི་ཚོང་ཟོག་ཉོ་སྒྲུབ་བྱེད་མཁན་གྱི་མི་ཚོགས་ཀྱིས་ཁེངས།

    དྲོ་འཇམ་ཉི་འོད་འོག་ཏུ། འཁོར་གསུམ་གློག་སྒུལ་སྦག་སྦག་གཅིག་གི་འཁོར་སྒྲོམ་དུ་སྐྱིལ་ཀྲུང་བཅས་ཏེ་གཞིས་རྩེའི་ཁྱད་ལྡན་བཟའ་བཅའ་བང་ཕིག་འཚོང་བཞིན་པའི་སྤོ་བོ་ལགས་ཤིག་གིས་རྣམ་རིག་གྲུང་པོས་འཛུམ་དམུལ་དམུལ་ངང་སྐུ་མགྲོན་ལ་བང་ཕིག་འཚོང་བཞིན་འདུག་ཅིང་། ཁོང་གི་བྱང་ཆ་ལྡན་པའི་བང་ཕིག་གཞོག་སྟངས་དང་། འཛུམ་གྱིས་བཀང་བའི་བཞིན་རས། ད་དུང་ཁོམ་དུས་སུ་སྐུ་མགྲོན་དང་ཅི་འཕྲོས་མོལ་འཕྲོས་ཤོད་བཞིན་པའི་རྣམ་པ་རེ་རེ་མིག་ལམ་དུ་འཆར་དུས། ལོ་ན་མཐོ་ཡང་སྔར་རྒྱུན་བཞིན་ངལ་རྩོལ་གྱི་རྒྱུན་མ་བཅད་པར་རང་གི་དཀའ་སྤྱད་ཀྱི་ལག་ཟུང་ལ་བརྟེན་ནས་འབད་འཐབ་བྱེད་བཞིན་པའི་ཁོང་གི་མི་ཚེར་རྒྱུས་མངའ་བྱེད་འདོད་ཀྱི་བློ་ཞིག་ངང་གིས་འཆར།

    “བང་ཕིག་གཟིགས། བང་ཕིག་གཟིགས”

    ཉི་འོད་སྔར་བཞིན་མེ་ལྟར་ཚ། ཉི་མའི་ཚ་གདུག་གིས་ཁོང་གི་དཔྲལ་བར་རྔུལ་ཆུའི་རྡོག་པོ་འགའ་རེ་འཁོར་ཞིང་། ཅུང་ཟད་དམར་སྨུག་ཏུ་གྱུར་པའི་ངོ་གདོང་ལ་བལྟས་ན། ཁོང་གིས་ཉི་མའི་ཚ་དྲོད་ཀྱི་ཀློང་དུ་ཡུན་རིང་བང་ཕིག་བཙོངས་ནས་བསྡད་པ་ངང་གིས་རྟོགས། འོན་ཀྱང་ཁོང་གིས་དེ་དག་ལ་སྣང་བ་གཏན་ནས་གཏོང་གི་མེད། ཁོང་གི་འཁྲིས་སུ་ཉེ་བར་བཅར་དུས་ཁོང་གིས་འཛུམ་དམུལ་དམུལ་གྱིས། “བང་ཕིག་གཟིགས་སམ། བང་ཕིག་ཚ་པོ་ཡིན། རྒྱུ་གཙང་སྤུས་གཙང་ཡིན་པ་མ་ཟད། གོང་ཡང་ཁེ་པོ་ཡོད”ཅེས་བརྗོད། ང་ཚོས་ཀྱང་བང་ཕིག་ཕོར་པ་གཉིས་ཙམ་ཉོས་ཏེ་བྲོ་བ་བལྟས་པ་ན། ཟས་ན་བྲོ་བ་ཞིམ་ལ། སྣོམ་ན་དྲི་མའང་མངར་སང་སང་དུ་འཐུལ་འོང་། ཁོང་གིས་སླར་ཡང་ཧ་ཡང་ནས་བང་ཕིག་རླངས་པ་འཚུབ་འཚུབ་བཏོན་ཏེ་འཁྲིས་ཀྱི་སྐུ་མགྲོན་ལ་བང་ཕིག་འཚོང་བར་བྲེལ་ཞིང་། མཐའ་འཁོར་གྱི་མི་རྣམས་ཀྱིས་ལག་ཏུ་སྒོར་གཉིས་དང་། སྒོར་ལྔ། སྒོར་བཅུ་སོགས་ཅི་རིགས་བཟུང་སྟེ་ཧབ་ཐོབ་དང་བཅས་འཚང་ཀ་ཤིག་ཤིག་ངང་བང་ཕིག་ཉོ་བཞིན་འདུག་པས། དེ་ནི་དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར་བའི་དཔེ་ལྟར་སྣང་།

    ད་ལོ་ལོ་58ལ་སླེབས་པའི་ཀརྨ་ཚེ་རིང་ནི་སི་ཁྲོན་དཀར་མཛེས་ནས་ཡིན་ཞིང་། གཞིས་རྩེར་བང་ཕིག་བཙོངས་ནས་ལོ་11ཙམ་འགྲོ་ཡི་ཡོད། ཐོག་མར་གཞིས་རྩེར་ལས་ཀ་འཚོལ་སྐབས། ལོ་ན་མཐོ་བ་དང་དེའི་ཁར་རྐང་པའང་དེ་ཙམ་ཐང་པོ་མེད་སྟབས། རང་བློར་བབས་པའི་ལས་ཀ་ཞིག་མ་རྙེད། ཁོང་གིས་རང་ཉིད་ལ་འཚམ་པའི་ལས་ཀ་ཞིག་རག་ཨེ་ཡོང་བསམས་ནས་ག་བྱེད་འདི་བྱེད་མེད་པར་ལུས་དུས། མི་མང་པོས་གཞིས་རྩེའི་བང་ཕིག་ལ་མཉེས་པོ་ཡོད་པ་དང་། དུས་རྒྱུན་རང་དང་ན་ཟླ་ཡིན་པའི་གཞིས་རྩེའི་བུད་མེད་ཁག་གཅིག་གིས་ཀྱང་སྲང་ལམ་ཁག་ཏུ་ཧ་ཡང་ཆེན་པོ་ཞིག་འཁྱེར་ནས་བང་ཕིག་འཚོང་བཞིན་པ་མཐོང་བས། ཁོང་གིས་བང་ཕིག་བཙོངས་ན་ཤུགས་ལས་མང་པོ་བྱེད་མི་དགོས་པའི་ཁར། མ་བྲིན་པའི་སེམས་ཁྲལ་མི་འདུག་སྙམ་སྟེ། དེ་འཕྲལ་བང་ཕིག་འཚོང་རྒྱུའི་སེམས་ཐག་བཅད་ནས། བློ་གཅིག་སེམས་གཅིག་ངང་བང་ཕིག་བཟོ་སྟངས་སྦྱོང་འགོ་ཚུགས།

    བརྩོན་འགྲུས་ལྡན་ན་ཡོན་ཏན་ཀུན། རང་གི་ལག་ན་གནས་དང་མཚུངས་ཞེས་པ་ལྟར། ཁོང་གིས་བློ་གཅིག་སེམས་གཅིག་དང་ཉམས་ཞིབ་ཆེན་པོས་བང་ཕིག་བཟོ་སྟངས་སྦྱངས་པ་བརྒྱུད། ཧ་ལམ་གཟའ་འཁོར་གཅིག་ཙམ་ལས་མ་འགོར་བར་བང་ཕིག་བཟོ་རྩལ་ལ་ནང་བྱན་ཆུད། དུས་དེ་ནས་བཟུང་། ཁོང་ཡང་གཞིས་རྩེའི་བང་ཕིག་འཚོང་མཁན་ཞིག་ཏུ་གྱུར། ཁོང་གིས། “བང་ཕིག་ཐོག་མར་འཚོང་སྐབས། མི་མང་པོས་ང་ལ་རྒྱུས་མངའ་མེད་པས། ཚོང་བྲིན་པོ་མ་བྱུང་། ཡོང་འབབ་ཏོག་ཙམ་བྱུང་ནའང་ཕལ་ཆེ་བ་བང་ཕིག་གི་རྒྱུ་ཆ་ཉོ་བྱེད་དུ་སྤྱོད་དགོས་པས། ཁང་གླ་སྤྲོད་པར་ཡང་དཀའ་ངལ་ཆེན་པོ་བྱུང”ཞེས་བརྗོད།

    མི་ལ་སྙིང་རུས་ལྡན་གྱུར་ན་མི་འགྲུབ་བྱ་བ་ཅི་ཡང་མེད། དེ་ལྟར་ཁ་བ་བུ་ཡུག་དང་དྲག་ཆར་རླུང་འཚུབ་ཀྱི་ནམ་ཟླ་ཅི་འདྲ་ཞིག་ཡིན་རུང་། ཁོང་གིས་སྔར་རྒྱུན་བཞིན་བང་ཕིག་འཚོང་བའི་ལས་གནས་བརྟན་སྲུང་བྱས་ཏེ། ཉིན་གཅིག་ཀྱང་མི་ཆད་པར་བང་ཕིག་འཚོང་བར་འགྲོ་ཡི་ཡོད། ལོ་གསུམ་གྱི་རྗེས་ལ། ཁོང་གིས་དཀའ་ལས་བརྒྱབ་ནས་བསགས་པའི་དངུལ་གྱིས་རང་ཉིད་ལ་གློག་སྒུལ་འཁོར་གསུམ་སྦག་སྦག་ཞིག་ཉོས་པ་རེད། དུས་དེ་ནས་བཟུང་ཁོང་གིས་སྦག་སྦག་དང་འགྲོགས་ནས་ཉིན་ལྟར་ཐོ་རེངས་ཆུ་ཚོད་བཞི་པར་མལ་ལས་ལངས་ཏེ་བང་ཕིག་བཟོ་འགོ་བརྩམས། ཁོང་གིས། “སྔོན་ལ་ཙོང་བརྔོས། དེ་ནས་ཕིང་བཏགས་པའི་ཁུ་བ་དེས་བང་ཁུ་བྱེད་ཅིང་དེའི་ཁར་ཕིང་རྩམ་བརྒྱབ་ནས་བཀོལ་དགོས་པ་དང་། ཆུ་ཁོལ་ནང་ལྡིར་རྗེས་གྲང་སངས་བཏང་ནས་ཡུད་ཙམ་བཞག་ན་ད་གཟོད་བང་ཕིག་ཆགས་ཀྱི་ཡོད། འོན་ཀྱང་ལས་ཀའི་བརྒྱུད་རིམ་ཧྲིལ་པོར་ཞིབ་ཚགས་པོ་དང་གཙང་སྦྲ་དོད་པོ་དགོས”ཞེས་བརྗོད། བང་ཕིག་གི་བྲོ་བ་ཡག་པོ་ཡོང་ཆེད། ནམ་རྒྱུན་ཀརྨ་ཚེ་བརྟན་གྱིས་སྲན་མ་རྩེ་གྲ་བདམས་ཏེ་བང་ཕིག་གི་སྤུས་ཚད་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད།

    ཀརྨ་ཚེ་རིང་གིས་རང་ཉིད་ཀྱི་བང་ཕིག་ལ་མི་དེ་བས་མང་བས་རྒྱུས་མངའ་ཡོང་ཆེད་འཁོར་གསུམ་སྦག་སྦག་ལ་བཞོན་ནས་གཞིས་རྩེའི་ཁྲོམ་གཞུང་ཆེ་ཆུང་གང་སར་བང་ཕིག་འཚོང་བར་འགྲོ་ཡི་ཡོད། བྲོ་བ་ཡག་པའི་ཁར་གཙང་མ་ཡོད་སྟབས། ཉིན་ཕྱེད་མ་ཟིན་ཙམ་ནས་བང་ཕིག་ཚང་མ་བྲིན་གྱི་ཡོད། སྲིད་གཞུང་ནས་ཀྱང་ཁོང་ལ་གཞིས་རྩེའི་སྤྲོ་འཆམ་ལམ་དུ་ཚོང་རྒྱག་ཆོག་པའི་ཆོག་མཆན་སྤྲད་པས། དེ་སྔའི་ཚོང་ཤག་མང་པོ་ཞིག་གིས་ལམ་ཐག་རིང་པོར་མ་འཛེམས་པར་ཁོང་གི་སར་བང་ཕིག་ཉོ་བར་ཡོང་གི་ཡོད། ཟུར་གྱི་རྐུབ་སྟེགས་སུ་བང་ཕིག་ཟ་བཞིན་པའི་ཨ་ཅག་བུ་ཁྲིད་ཀྱིས། “ང་རྒྱ་མཚོ་གཞུང་ཤང་ནས་ཡིན། ནམ་རྒྱུན་ཞིང་ལས་བྲེལ་བ་ཆེ་བས་གཞིས་རྩེའི་གྲོང་ཁུལ་དུ་ཡང་སེ་སླེབས་ཀྱི་མི་འདུག འོན་ཀྱང་སླེབས་ཞོར་དུ་ཨ་ཕོའི་སར་བང་ཕིག་ཉོ་བར་ཡོང་གི་ཡོད། ཨ་ཕོས་བཟོས་པའི་བང་ཕིག་བྲོ་བ་ཆེ་ལ། རྣམ་འགྱུར་ཡང་ཡག་པོ་ཡོད། ང་གཞིས་རྩེར་འགྲོ་ཐེངས་རེར། ཕྲུ་གུ་ཚོས་ཡིན་གཅིག་ཨ་ཕོའི་གམ་ནས་བང་ཕིག་ཉོས་ནས་འཁྱེར་ཤོག་ཟེར་གྱི་ཡོད”ཅེས་བརྗོད་པ་དང་། ད་དུང་ཨ་ཅག་གཞན་ཞིག་གིས་ཆོབ་དང་བཅས་བསྟན་བཤིག་ཚ་པོས། “གཞིས་རྩེའི་མིར་ཉིན་གཅིག་བང་ཕིག་མ་རག་ན་ལས་ཀ་བྱེད་ཀྱི་མིན་ཟེར་གྱི་ཡོད”ཅེས་བཤད།

    ཀརྨ་ཚེ་རིང་གིས་ལོ་གཅིག་དུས་བཞི་དབྱེ་བ་མེད་པར་ཆུ་ཚོད་བརྒྱད་པ་ནས་ཁྲོམ་འདོན་འགོ་འཛུགས་ཀྱི་ཡོད། ཁྲོམ་བཀྱག་འཁྲིས་སུ་སླེབས་མ་ཐག་ཁོང་གིས་ཐོག་མར་མཐའ་འཁོར་དུ་གཙང་སྦྲ་ཡག་པོ་བྱེད་པ་ནི་གོམས་གཤིས་སུ་གྱུར། གཙང་སྦྲ་ལེགས་པར་གྲུབ་རྗེས། ད་གཟོད་འཁོར་གསུམ་སྦག་སྦག་གི་འཁོར་སྒྲོམ་དུ་སྐྱིལ་ཀྲུང་བཅས་ནས་ཉིན་གཅིག་གི་བང་ཕིག་འཚོང་འགོ་འཛུགས་ཀྱི་ཡོད། ཁོང་གིས། “གྲོང་མི་མང་པོས་ངས་བཟོས་པའི་བང་ཕིག་གི་བྲོ་བ་ཞིམ་ལ་གཙང་མ་ཡོད་པ་ཤེས་སྟབས། ངའི་གམ་དུ་བང་ཕིག་ཉོ་བར་ཡོང་གི་ཡོད། འཛད་སྤྱོད་པས་ཕར་ཚུར་འཁྱེར་དུས་སྟབས་བདེ་པོ་ཡོང་ཆེད། ངས་ཕོར་པ་ཆེ་ཆུང་མི་འདྲ་བ་གསུམ་བཟོས་ཡོད། རིན་གོང་ཡང་ཕོར་པའི་ཆེ་ཆུང་ལ་གཞིགས་ནས་སྒོར་5ནས་15བར་ཡིན། ཉིན་རེར་ཆ་སྙོམས་བྱས་ན་བང་ཕིག་ཧ་ཡང་ཆེན་པོ་གཅིག་དང་། ཕོར་པ་ཆེ་ཆུང་མི་འདྲ་བ་བརྒྱད་ཅུ་ལྷག་ཙམ་བྲིན་གྱི་འདུག ངལ་གསོ་དང་དུས་ཆེན་སྐབས་དེ་ལས་མང་བ་འཚོང་ཐུབ་ཀྱི་འདུག ཚོང་ཅུང་ཞན་དུས་ཉིན་གཅིག་ལ་སྒོར་300ལྷག་ཙམ་རག་པ་དང་། བྲིན་ཁ་རྒྱུག་དུས་ཉིན་གཅིག་ལ་སྒོར་1000ལྷག་ཙམ་རག་གི་འདུག་པས། ཟླ་རེར་ཆ་སྙོམས་ཁེ་སྤོགས་སྒོར་10000ལྷག་ཙམ་ཟིན་གྱི་འདུག གཞིས་རྩེའི་ཚོང་གཉེར་ཁོར་ཡུག་ཡག་པོ་ཡོད”ཅེས་བརྗོད།

    ད་ལྟ་ཀརྨ་ཚེ་རིང་གཞིས་རྩེར་རྐང་པ་བརྟན་པོ་འཛུགས་ཐུབ་སྟེ། བང་ཕིག་བཙོངས་ནས་རང་ཁ་རང་གསོ་ཐུབ་པ་མ་ཟད། ད་དུང་ཕ་ཡུལ་གྱི་གཅུང་མོར་ཟླ་རེར་དངུལ་བསྐུར་ནས་རོགས་རམ་བྱེད་བཞིན་ཡོད། ཁོང་གིས། “རང་གིས་འཇོན་ན། ཡོང་འབབ་གསོག་བདེ་པོ་འདུག ངས་མུ་མཐུད་བང་ཕིག་གི་སྤུས་ཚད་ལ་དང་དོད་བྱས་ནས། འཛད་སྤྱོད་པའི་དགོས་མཁོ་གང་ལེགས་སྐོང་ཐུབ་པ་བྱེད་ཀྱི་ཡིན”ཞེས་བརྗོད།

    ཀརྨ་ཚེ་རིང་ནི་ཡུལ་གཞན་ནས་གཞིས་རྩེར་ཡོང་འབབ་གསོག་པར་ཡོང་མཁན་ཚོའི་གྲས་ཤིག་རེད། མིག་སྔར། ཀརྨ་ཚེ་རིང་དང་འདྲ་བར་ཡུལ་གཞན་ནས་གཞིས་རྩེར་ལས་གཏོད་ལས་ཞུགས་བྱུང་བའི་སྐྱེ་བོ་མང་པོས་གཞིས་རྩེ་འདི་ཉིད་རང་གི་ཕ་ཡུལ་གཉིས་པར་བརྩིས་ནས། གཞིས་རྩེའི་ས་གཞི་དྲོན་མོའི་ཕང་བར་རང་གི་ལག་ཟུང་ལ་བརྟེན་ནས་དཀའ་སྤྱད་འབད་བརྩོན་གྱིས་མི་ཚེའི་རིན་ཐང་མངོན་འགྱུར་བྱེད་པར་འབད་འབུངས་བྱེད་བཞིན་ཡོད་ལ། གཞིས་རྩེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་རང་ནུས་སྐྱེས་སུ་འབུལ་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།