ཀྲུང་ཧའི་ཞིང་ལས་མཉམ་ལས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་པ།
ཞིའར་གཙང་པོའི་སྨད་རྒྱུད་ཀྱི་གཡས་ངོགས་ཐང་སྡེར་དུ་གནས་པའི་ཐུའར་ཁེ་སི་ཐན་ནི་ཧ་སག་སི་ཐན་གྱི་ལོ་རྒྱུས་ཡུན་རིང་ལྡན་པའི་གྲགས་ཅན་གྲོང་ཁྱེར་ཞིག་ཡིན་ལ་དེ་སྔ་ཨེ་ཤེ་ཡ་དབུས་མའི་ཚོང་དོན་ལྟེ་གནས་ཀྱི་གྲས་ཤིག་ཀྱང་རེད།
ཐུར་ཁེ་སི་ཐན་གྲོང་འདབས་སུ་ཅིན་རྔ་མོང་འོ་རྩམ་བཟོ་གྲྭ་ཞིག་ཡོད། ཀྲུང་གོ་དང་ཧ་སག་སི་ཐན་གྱི་ཐོན་ནུས་མཉམ་ལས་ཀྱི་གཙོ་གནད་རྣམ་གྲངས་ཤིག་ཡིན་པའི་བཟོ་གྲྭ་དེ་ཀྲུང་གོའི་ཁེ་ལས་པས་ཧ་སག་སི་ཐན་དུ་མ་འཇོག་ཐོ་འགོད་བྱས་པའི་ཅིན་རྔ་མོང་ཚོགས་པ་ཚད་ཡོད་ཀུང་སིས་མ་འཇོག་གཉེར་སྐྱོང་བྱས་པ་ཞིག་རེད། 2015ལོར་བཙུགས་པ་ནས་བཟུང་འོ་རྩམ་བཟོ་གྲྭས་ས་གནས་དེ་གའི་རྔ་མོང་གསོ་ཚགས་དུད་ཚང་དང་མཉམ་ལས་བྱས་ཏེ། རྔ་མོང་གི་འོ་མ་འོ་རྩམ་ལ་ལས་སྣོན་བྱས་པ་དང་འབྲེལ་ཀྲུང་གོ་དང་། ཨུ་རུ་སུ། འཇར་མན། ཨེ་ཅིབ་སོགས་རྒྱལ་ཁབ་ལ་འཚོང་གི་ཡོད།
“ངའི་དམིགས་ཚད་ནི་རྔ་མོང་ཁྲི་1གསོ་ཚགས་བྱ་རྒྱུ་དེ་ཡིན”
ཝོ་ཐེ་ལ་རྫོང་ཤེ་ལི་ཁེ་གྲོང་ཚོ་ནི་ཐུའར་ཁེ་སི་ཐན་གྲོང་ཁྱེར་ལྷོ་ནུབ་རྒྱུད་དུ་གནས་པ་དང་རྔ་མོང་གསོ་ཚགས་དུད་ཚང་ཝུའུ་ལ་ཙེ·ནུའར་མ་ཧ་མུ་པེ་ཐེའི་ཁྱིམ་གཞུང་ལམ་འགྲམ་དུ་ཡོད། ཁང་པ་ཐོག་གཅིག་མ་ཆེན་པོ་གཉིས་སྡོད་ཁང་དུ་བྱེད་པ་དང་ཁང་མིག་གཅིག་ནང་རིག་ནུས་འོ་མ་གསོག་སྣོད་དང་དེ་བཞིན་འོ་མའི་གྲུབ་ཆ་དབྱེ་ཞིབ་བྱེད་པའི་ཡོ་བྱད་སོགས་ཞིབ་དཔྱད་ཚད་ལེན་སྒྲིག་ཆས་སྒྲིག་སྦྱོར་བྱས་ནས་ཚད་ལྡན་ཅན་གྱི་འོ་མའི་ས་ཚིགས་ཤིག་བསྐྲུན་ཡོད། ཉིན་ལྟར་མཐའ་འཁོར་གྱི་འབྲོག་པས་རྔ་མོང་གི་འོ་མ་བཞོས་མ་ཐག་དེ་གར་སྐྱེལ་བ་དང་འོ་རྩམ་བཟོ་གྲྭའི་འོ་མ་བསྡུ་ལེན་རླངས་འཁོར་གྱིས་དེ་དང་འདྲ་བའི་ཚད་ལྡན་ཅན་གྱི་འོ་མ་ས་ཚིགས་ནས་འོ་མ་ཉོ་བ་མ་ཟད། ད་དུང་གྲང་ཕྲེང་རྣམ་པའི་ཐོག་ནས་ལས་སྣོན་བཟོ་གྲྭར་བསྐྱལ་ཏེ་རྔ་མོང་གི་འོ་རྩམ་བཟོ་གི་ཡོད།
འོ་རྩམ་བཟོ་གྲྭའི་གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ་སོང་བ་དང་བསྟུན་ནས་ཅིན་རྔ་མོང་ཚོགས་པས་འོ་མ་ཐོན་སྐྱེད་བྱེད་མཁན་ཞིང་པ་སྒྲིག་འཛུགས་བྱས་ཏེ་མཉམ་ལས་ཁང་བཙུགས་ནས། རྔ་མོང་གསོ་ཚགས་དང་རྔ་མོང་གི་འོ་མ་མཁོ་སྤྲོད་བྱེད་མཁན་ལ་ཕྱོགས་ཡོངས་ནས་ཞབས་འདེགས་ཞུ་གི་ཡོད་པ་རེད། ནུའར་མ་ཧ་མུ་པེ་ཐེ་ཡང་མཉམ་ལས་ཁང་དུ་ཞུགས་ཏེ་གསོ་སྦྱོང་དང་ལེན་བྱས་རྗེས། ལག་ཁྱེར་ཁྱེར་ནས་ལས་ཀར་ཞུགས་ཏེ་ཚད་ལྡན་ཅན་གྱི་འོ་མ་ས་ཚིགས་བཙུགས་ནས་ཉེ་འཁོར་གྱི་འབྲོག་པའི་རྔ་མོང་གི་འོ་མ་ཉོ་གི་ཡོད། ཡོང་འབབ་ཀྱི་འགྱུར་ལྡོག་སྐོར་གླེང་སྐབས་ཁོང་གིས“ངས་རྒྱལ་ས་ཨ་སི་ཐ་ན་དང་ཨ་ལ་མུའུ་ཐུའུ་ནས་ཁང་པ་གཉིས་ཉོས་པ་ཡིན། ལྷག་དངུལ་ཚང་མ་བཏང་ནས་རྔ་མོང་ཆུང་ཆུང་ཉོས་པ་ཡིན”ཞེས་བཤད།
འབྱུང་འགྱུར་སྐོར་གླེང་སྐབས་ནུའར་མ་ཧ་མུ་པེ་ཐེར་ཡིད་ཆེས་ཀྱིས་ཁེངས་ཤིང་། ཁོང་གིས“ཀྲུང་གོའི་ཁེ་ལས་ཀྱི་རོགས་རམ་འོག ང་ཚོའི་ཐོན་ལས་ཇེ་ཆེར་འགྲོ་ངེས་རེད། མཉམ་ལས་བྱེད་མ་ཐག་པའི་སྐབས་ངར་རྔ་མོང་150ཡོད་པ་དང་ད་ལྟ་རྔ་མོང་850ཡོད། ངའི་དམིགས་ཚད་ནི་རྔ་མོང་ཁྲི་1ཟིན་པ་བྱ་རྒྱུ་དེ་ཡིན”ཞེས་བཤད།
“འདི་ནི་ང་ཚོ་ཚང་མའི་ཐུན་མོང་གི་བྱ་གཞག་རེད”
“2013ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གྱི་གྲོས་འགོ་བཏོན་གནང་བ་དང་། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་ཞབས་རྗེས་བསྙེགས་ནས་ཧ་སག་སི་ཐན་དུ་ཡོང་བ་ཡིན”ཞེས་ཅིན་རྔ་མོང་ཚོགས་པའི་འགན་འཁུར་བ་དབྱང་ཅེས་བཤད། ཀྲུང་ཧ་མཉམ་ལས་རྣམ་གྲངས་ཀྱི་སྐོར་ཕྱིར་དྲན་བྱེད་སྐབས། དབྱང་ཅེས་དང་ཐོག་ང་ཧ་སག་སི་ཐན་དུ་ཕན་འབྲས་ཆེ་ཞིང་ཆུ་གྲོན་ཆུང་གི་ཞིང་ལས་རྣམ་གྲངས་ལ་མ་འཇོག་བྱ་རྩིས་ཡོད་མོད། འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་རྔ་མོང་གི་འོ་མར་ཁྲོམ་ར་ཆེན་པོ་ཡོད་པ་མཐོང་ནས་སྨི་ངོས་གྲུ་ཁྲི་10ཟིན་པའི་བཟོ་གྲྭ་འདིར་མ་རྩ་བཏང་ནས་བསྐྲུན་པ་ཡིན་ཞེས་བཤད།
“ཐོན་སྐྱེད་སྒྲིག་ཆས་ནི་ཀྲུང་གོ་དང་འཇར་མན་ནས་ཐོན་པ་དང་། སྐབས་དེ་དུས་མེ་འཁོར་གྱི་འཁོར་སྒྲོམ་40ལྷག་ཙམ་གྱིས་སྒྲིག་ཆས་ཚང་མ་དེར་དབོར་ནས་རང་འགུལ་ཅན་གྱི་ཐོན་སྐྱེད་འཁོར་ཁང་དེ་སྐྲུན་པ་ཡིན། ད་ཆ་ཀུང་སིས་ལོར་རྔ་མོང་གི་འོ་རྩམ་ཏུན་480ཐོན་སྐྱེད་བྱེད་ཀྱི་ཡོད་ཅེས་དབྱང་ཅེས་བཟོ་གྲྭའི་རྒྱལ་སྒོ་དང་བར་ཐག་སྨི་བརྒྱ་ཡང་མེད་པའི་ལྕགས་ལམ་ལ་མཛུབ་མོ་བཙུགས་ཏེ་བཤད།
2019ལོར་ཀྲུང་ཧ་རྒྱལ་ཁབ་གཉིས་པོས་རྔ་མོང་གི་འོ་རྩམ་ནང་འདྲེན་བྱ་རྒྱུའི་ཐད་གྲོས་མཐུན་བཞག་པ་དང་། 2020ལོའི་ཟླ་4པར་ཅིན་རྔ་མོང་ཚོགས་པའི་ཐོན་རྫས་ཐེན་ཅིན་གྲུ་ཁ་བརྒྱུད་ཀྲུང་གོའི་ཁྲོམ་རར་དངོས་སུ་ཞུགས་པ་རེད། ལོ་དེའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཐོག་ཅིན་རྔ་མོང་ཚོགས་པས་ཧན་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་སོགས་རྒྱལ་ཁབ་ཀྱི་མཉམ་ལས་རོགས་ཟླ་དང་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད། རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་ལྔ་པའི་ཐོག་ཅིན་རྔ་མོང་ཚོགས་པས་ཀྲུང་གོ་ཕྱོགས་ཀྱི་རོགས་ཟླ་དང་དངུལ་གྲངས་བསྡོམས་འབོར་ཨ་སྒོར་ཁྲི་1800ཡི་མངགས་ཐོ་ལ་མིང་རྟགས་བཀོད་པ་རེད།
རྔ་མོང་གི་འོ་རྩམ་ལས་སྣོན་འཁོར་ཁང་དུ་པ་ཏི་མ·ཨའར་ཕི་སི་པ་ཡེ་ཝ་ཡིས་འཕྲུལ་ཆས་ལ་བརྟེན་ནས་ཐུམ་སྒྲིལ་རྒྱག་བཞིན་ཡོད། ཨའར་ཕི་སི་པ་ཡེ་ཝ་ནི་ཐུམ་སྒྲིལ་འཕྲུལ་འཁོར་བཀོལ་སྤྱོད་བྱེད་མཁན་ཞིག་ཡིན་པ་དང་ཅིན་རྔ་མོང་ཚོགས་པར་ལས་ཀ་བྱས་ནས་ལོ་མང་སོང་ཡོད། གསར་འགོད་པས་བཅར་འདྲི་བྱེད་སྐབས་ཨའར་ཕི་སི་པ་ཡེ་ཝ་ཡིས“འདི་ནི་ང་ཚོ་ཚང་མའི་ཐུན་མོང་གི་བྱ་གཞག་རེད། ཁེ་ལས་འཕེལ་རྒྱས་ཡག་པོ་བྱུང་ཚེ་ང་ཚོའི་འཚོ་བ་ཡག་ཏུ་འགྲོ་སྲིད”ཅེས་བཤད།
“སྔོན་ཐོན་གྱི་ཞིང་ལས་ལག་རྩལ་ནང་འདྲེན་དང་ཁྱབ་གདལ་ཧུར་ཐག་གཏོང་རྒྱུ་ཡིན”
ཐོན་ནུས་མཉམ་ལས་ནས་ཞིང་ལས་ཐོན་རྫས་ཉོ་ཚོང་བར་དང་། ཞིང་ལས་ཚན་རྩལ་སྤེལ་རེས་ནས་ཤེས་ལྡན་པ་གསོ་སྐྱོང་བར། ཀྲུང་ཧའི་ཞིང་ལས་ཁྱབ་ཁོངས་ཀྱི་མཉམ་ལས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་ཏེ། སྣ་ཁ་གསར་པ་དང་། ལག་རྩལ་གསར་པ། རྣམ་པ་གསར་པ་བཅས་དེ་བས་མང་བ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་བསྟུན་ནས་གཞིས་ཆགས་པ་དང་འཕེལ་རྒྱས་འགྲོ་བཞིན་ཡོད།
ཧ་སག་སི་ཐན་སའེ་ཕུའུ་ལིན་ཞིང་ལས་ལག་རྩལ་སློབ་ཆེན་གྱི་ན་གཞོན་ཚན་རིག་མཁས་ཅན་མུའུ་ལ་ཐེ་ཧན·མ་ལ་ཐེས་སྤེལ་རེས་དང་སློབ་སྦྱོང་ཞིག་བྱེད་སྐབས། ཧ་ཀྲུང་ཞིང་ལས་མཉམ་ལས་ཀྱིས་ཞིང་ལས་ཐོན་རྫས་ཀྱི་ཐོན་ཚད་དང་སྤུས་ཚད་མཉམ་དུ་ཡར་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། སླད་རྒྱལ་ཁབ་གཉིས་པོས་འབྲེལ་ཡོད་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། “ང་ཚོས་ཀྲུང་གོའི་ཉམས་མྱོང་དཔྱད་གཞིར་བཟུང་སྟེ། སྔོན་ཐོན་གྱི་ཞིང་ལས་ལག་རྩལ་ནང་འདྲེན་དང་ཁྱབ་གདལ་ཧུར་ཐག་བཏང་ནས་ཧ་སག་སི་ཐན་གྱི་ཞིང་ལས་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བའི་རེ་བ་ཡོད”ཅེས་བཤད་པ་རེད།