ཞི་ཅིན་ཕིང་གིས་ནེ་པ་ལའི་ཙུང་ལི་ཕུའུ་ལཱ་ཁྲང་ཏ་དང་མཇལ་འཛོམས་གནང་བ།
ཟླ་9ཚེས་23ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧང་ཀྲོའུ་ཤིས་ཧུའུ་མཚེའུ་རྒྱལ་མགྲོན་ཁང་དུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་19པའི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ཀྲུང་གོར་དངོས་སུ་འཚམས་འདྲི་གནང་བར་ཕེབས་པའི་ནེ་པ་ལའི་ཙུང་ལི་ཕུའུ་ལཱ་ཁྲང་ཏ་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས། ཀྲུང་གོ་དང་ནེ་པ་ལའི་དབར་རི་ཆུ་འབྲེལ་བ་དང་མི་རབས་ནས་མི་རབས་བར་མཛའ་གྲོགས་ཟབ་མོ་ལྡན་ཡོད། ཕྱི་འབྲེལ་བཙུགས་ནས་ལོ་68སོང་རིང་། རྒྱལ་ཁབ་གཉིས་པོས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་མཐའ་འཁྱོངས་བྱས་ནས་རྒྱལ་ཁབ་ཆེ་ཆུང་ཚང་མར་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་མཉམ་ལས་གཉིས་ཕན་གྱི་དཔེ་མཚོན་བཏོད་ཡོད། ཀྲུང་ནེ་རྒྱལ་ཁབ་གཉིས་པོས་རྒྱལ་ཁབ་འཕེལ་རྒྱས་དང་དར་རྒྱས་མངོན་འགྱུར་བྱེད་པའི་ལམ་བུའི་ཐོག་ཕན་ཚུན་རོགས་ཟླ་དང་ཕན་ཚུན་གོ་སྐབས་སུ་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ནེའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱས་ནས་ནེ་པ་ལ་ཕྱོགས་དང་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་སྟེ་ཀྲུང་ནེའི་འབྲེལ་བར་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་དབར་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། ཀྲུང་ནེའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཟམ་མི་ཆད་པར་ཐོབ་པ་དང་ཧི་མ་ལ་ཡ་བརྒལ་བའི་ཕྱོགས་བསྡུས་མཉམ་སྦྲེལ་མཉམ་མཐུད་ཀྱི་དྲ་བའི་གཞི་ཁྱོན་རགས་ཙམ་ཆགས་ཡོད། ཕྱོགས་གཉིས་པོས་རྨང་གཞིའི་སྒྲིག་བཀོད་ཀྱི་མཉམ་སྦྲེལ་མཉམ་མཐུད་ལ་གཙོ་གནད་ཐོག་སྐུལ་འདེད་གཏོང་བ་དང་རྒྱལ་སྒྲོལ་སྐྱེལ་འདྲེན་གྱི་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་སྟེ་ནེ་པ་ལ་སྔ་ཙམ“སྐམ་སའི་དབུས་ཁུལ་རྒྱལ་ཁབ”ནས“སྐམ་སའི་རྒྱལ་ཁབ་ཁག་གི་ལྟེ་གནས”སུ་བསྒྱུར་རྒྱུར་རམ་འདེགས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ནེ་པ་ལར་མ་འཇོག་ལས་དར་བྱེད་པར་བསྐྱོད་རྒྱུར་སྐུལ་མ་བཏང་སྟེ་ནེ་པ་ལས་ཀྲུང་གོར་ཕྱིར་གཏོང་བྱ་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན་ལ། ནེ་པ་ལ་ཕྱོགས་དང་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་ནེ་པ་ལའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ནུས་པས་ལྕོགས་ཚོད་ཀྱི་རོགས་རམ་ཡང་བྱེད་འདོད་ཡོད། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཀྲུང་གོ་དང་ནེ་པ་ལར་རྒྱ་ཁྱབ་དང་ཐུན་མོང་གི་ཁེ་ཕན་ལྡན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནེ་པ་ལ་ཕྱོགས་དང་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོ་དང་དེ་བཞིན་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
ཕུའུ་ལཱ་ཁྲང་ཏ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་ནི་ཧ་ཅང་གཟིགས་རྒྱང་རིང་བའི་འཛམ་གླིང་གི་འགོ་ཁྲིད་པ་ཞིག་དང་ནེ་པ་ལའི་མི་དམངས་ཡོངས་ཀྱི་གྲོགས་པོ་བཟང་པོ་ཞིག་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ཀྲུང་གོར་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་ཡོད་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་རྒྱང་སྐྱོད་ཀྱི་ལམ་བུའི་ཐོག་གྲུབ་འབྲས་དེ་བས་ཆེ་བ་ཐོབ་ངེས་རེད། ནེ་ཀྲུང་རྒྱལ་ཁབ་གཉིས་པོ་ནི་ཕན་ཚུན་བསམ་ཤེས་དང་། ཕན་ཚུན་བརྟེན་རེས། ཕན་ཚུན་རྒྱབ་སྐྱོར་བཅས་བྱེད་པའི་གྲོགས་པོ་དང་རོགས་ཟླ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ནེ་པ་ལར་དཔལ་འབྱོར་འཛུགས་སྐྲུན་དང་། དབུལ་སྐྱོར། རིམས་འགོག་སོགས་ཐད་སྒེར་སེམས་མེད་པའི་རོགས་རམ་བྱས་པར་ནེ་པ་ལ་ཕྱོགས་ཀྱིས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ནེ་པ་ལ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་བསྟར་རྒྱུ་ཡིན། ཐའེ་དབན་དང་བོད་གཉིས་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་རེད། ནེ་པ་ལ་ཕྱོགས་ཀྱིས་ཕྱོགས་གཏོགས་གང་རུང་ཞིག་གིས་ནེ་པ་ལའི་མངའ་ཁོངས་སྤྱད་དེ་ཀྲུང་གོའི་བདག་དབང་དང་བདེ་འཇགས་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་སྤེལ་དུ་འཇུག་གི་མིན། ལངས་ཕྱོགས་དེ་སྲ་བརྟན་འགྱུར་མེད་དང་གཡོ་འགུལ་གཏོང་མི་རུང་བ་ཞིག་ཡིན་ཞེས་གསུངས་པ་རེད།