ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་འཆར་གཞི་གསར་པ་བཀོད་དེ་ཨེ་ཤེ་ཡའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་དགོས།
—— ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པ་འགོ་ཚུགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ།
ཟླ་9ཚེས་23ཉིན་གྱི་དགོང་མོ། ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པ་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་དུ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། ལོ་ལེགས་ཀྱིས་ཕྱུག་པའི་ཀྲུང་གོའི་ལུགས་རྙིང་ལོའི་སྟོན་ཀའི་དུས་ཚིགས་སུ་ཨེ་ཤེ་ཡའི་རྒྱལ་ཁབ་དང་ས་ཁུལ་ཁག་ནས་ཡོང་བའི་ལུས་རྩལ་པ་ཤིས་ཙི་མཚེའུའི་ངོགས་སུ་འཛོམས་ནས“མཉམ་གཅེས་དང་། མཉམ་གནས། མཉམ་སྤྱོད”བཅས་ཀྱི་མི་སེམས་འགུལ་བའི་འགྱུར་ཁུག་ཁྲོད་ཞི་བདེ་དང་། མཛའ་གྲོགས། ཡར་རྒྱས་བཅས་ཀྱི་ལེའུ་གསར་པ་བརྩམས་ཡོད།
ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་རྗེས་རང་རྒྱལ་གྱིས་གཉེར་བའི་གཞི་ཁྱོན་ཆེ་ཤོས་དང་ཆུ་ཚད་མཐོ་ཤོས་ཀྱི་རྒྱལ་སྤྱིའི་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་ཤིག་ཡིན་པས། རྒྱལ་ཡོངས་དང་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་བཞིན་ཡོད། འདི་ནི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་པེ་ཅིང་དང་ཀོང་ཀྲོའུ་རུ་གཉེར་རྗེས་ཀྱི་ཀྲུང་གོའི་གྲོང་ཁྱེར་དུ་གཉེར་ཐེངས་གསུམ་པ་དེ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་ཧང་ཀྲོའུ་རུ་ངོ་མཚར་ཆེ་བའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཤིག་གཉེར་རྒྱུ་རེད”ཅེས་གསུངས་ཡོད།
ཧང་ཀྲོའུ་ཡིས་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་དང་ཨེ་ཤེ་ཡའི་དབང་སྐྱོན་ལུས་རྩལ་འགྲན་ཚོགས་ཡག་པོ་གཉེར་རྒྱུ་ནི། འདི་ལོའི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁྲོད་ཀྱི་དོན་ཆེན་ཞིག་རེད། ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་གཉེར་རྒྱུའི་རེ་ཞུ་ལེགས་གྲུབ་བྱུང་རྗེས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲེ་ཅང་གིས“ལྗང་མདོག་དང་། རིག་ནུས། གྲོན་ཆུང་། ཤེས་དཔལ”བཅས་ཀྱི་འགྲན་བསྡུར་གཉེར་བའི་འདུ་ཤེས་མཐའ་འཁྱོངས་དང“སྟབས་བདེ་དང་། བདེ་འཇགས། ངོ་མཚར”བཅས་ཀྱི་འགྲན་བསྡུར་གཉེར་བའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། འཁོར་འབྲེལ་ཧྲིལ་པོ་དང་ལྷུ་ཚིགས་ཧྲིལ་པོའི་གྲ་སྒྲིག་ལས་དོན་ནུས་ཤུགས་ཡོད་རྒུས་བསྒྲུབས་ཡོད། ལོ་བརྒྱད་འབད་འཐབ་ལྷོད་མེད་བྱས་པ་བརྒྱུད། ང་ཚོས་འཛམ་གླིང་ལ“ཀྲུང་གོའི་ཁྱད་ཆོས་དང་། ཨེ་ཤེ་ཡའི་ཉམས་འགྱུར། ངོ་མཚར་ཆེ་བ”བཅས་ཀྱི་ལུས་རྩལ་འདུ་ཚོགས་གཟབ་རྒྱས་ཤིག་འབུལ་རྒྱུའི་ཡིད་ཆེས་དང་ནུས་པ་ལྡན་ཡོད།
ལུས་རྩལ་ནི་སྤྱི་ཚོགས་འཕེལ་རྒྱས་དང་མིའི་རིགས་ཡར་ཐོན་གྱི་མཚོན་རྟགས་གལ་ཆེན་ཞིག་དང་། མི་དམངས་དབར་གྱི་མཛའ་གྲོགས་ཟབ་ཏུ་གཏོང་བའི་འབྲེལ་ཐག་ཅིག་རེད། ཨེ་ཤེ་ཡ་ས་ཁུལ་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་ཡིན་པའི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱིས་ལུས་རྩལ་གྱི་སྙིང་སྟོབས་འཕེལ་བ་དང་། ཨེ་ཤེ་ཡའི་ཉམས་འགྱུར་མངོན་པ། མཛའ་གྲོགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཨེ་ཤེ་ཡ་ས་ཁུལ་གྱི་རྩལ་འགྲན་ལུས་རྩལ་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བར་བརྟེན། ཨེ་ཤེ་ཡའི་ལུས་རྩལ་གྱི་མཐུན་སྒྲིལ་མཉམ་ལས་ཀྱི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད། ཀྲུང་གོའི་མི་དམངས་ལུས་རྩལ་ལ་དགའ་བ་དང་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ལ་དགའ་ཞེན་ཆེ་བས་ཐོག་མཐའ་བར་གསུམ་དུ་ཨེ་ཤེ་ཡའི་ལུས་རྩལ་བྱ་གཞག་ལ་བློ་བརྟན་འགྱུར་མེད་ངང་ཞུགས་མཁན་དང་། སྐུལ་འདེད་ཧུར་ཐག་གཏོང་མཁན། ལེགས་སྐྱེས་གལ་ཆེན་འབུལ་མཁན་བཅས་རེད། ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱིས་ཀྲུང་གོའི་མི་དམངས་ལུས་རྩལ་ལ་ཞུགས་པའི་སྤྲོ་སེམས་འཕེལ་བ་དང་ཀྲུང་གོའི་ལུས་རྩལ་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་ལ་དཔང་པོ་བྱས་ཡོད། ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ལ་མིང་ཐོ་འགོད་མཁན་གྱི་མི་གྲངས་སྐབས་རིམ་བྱུང་གི་མང་ཤོས་ཀྱི་ཟིན་ཐོ་བཏོད་ཡོད་ལ། དེ་ནི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ལོ་རྒྱུས་ཐོག་གི་གཞི་ཁྱོན་ཆེ་ཤོས་དང་། རྣམ་གྲངས་མང་ཤོས། ཁྱབ་རྒྱ་ཆེ་ཤོས་བཅས་ཀྱི་སྐབས་ཤིག་རེད། དེ་ཐོག་ནས་ཨེ་ཤེ་ཡའི་ལུས་རྩལ་རིག་གནས་ཀྱི་སྣ་མང་རང་བཞིན་དང་བསྟུན་མཁས་རང་བཞིན་གང་ལེགས་མངོན་ཡོད་པས། ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་ཐོག་ངོ་མཚར་ཆེ་བའི་རྣམ་པ་ཞིག་སྣོན་རྒྱུ་མ་ཟད། ལུས་རྩལ་འགྲན་བསྡུར་གལ་ཆེན་དེར་གསོན་ཤུགས་གསར་པ་ཞིག་ཀྱང་སྣོན་ཐུབ་ངེས་རེད།
ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ནི་ལུས་རྩལ་གྱི་རྩལ་འགྲན་གར་སྟེགས་ཤིག་དང་། ལུས་རྩལ་པ་ཚོས་འབད་འཐབ་ལྷོད་མེད་དང་རང་ཉིད་ཀྱི་རྩལ་འགྲན་ངོམས་སའི་སྟེགས་བུ་ཞིག་རེད། ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སུ་ཨེ་ཤེ་ཡའི་རྒྱལ་ཁབ་དང་ས་ཁུལ་45ནས་ཡོང་བའི་འཐུས་མི་ཚོགས་པའི་ལུས་རྩལ་པ་ཁྲི་1.2ལྷག་ཙམ་འགྲན་བསྡུར་ལ་ཞུགས་རྒྱུའི་མིང་ཐོ་བཀོད་ཡོད། ང་ཚོས་རྒྱ་ཆེའི་ལུས་རྩལ་པ་ཚོས་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་སྐུལ་ལྕག མཐར་སོན་ཚད་བརྒལ་བཅས་བྱས་ནས་ཛ་དྲག་གི་འགྲན་བསྡུར་ཁྲོད་ལུས་རྩལ་གྱི་ཉམས་འགྱུར་མངོན་པ་དང་མི་ཚེའི་ངོ་མཚར་གཏོད་ཐུབ་པའི་ཡིད་ཆེས་ཡོད། ཀྲུང་གོའི་ལུས་རྩལ་པ་1329ལས་གྲུབ་པའི་ལུས་རྩལ་འཐུས་མི་ཚོགས་པས་འགྲན་བསྡུར་གྱི་རྣམ་གྲངས་ཆེ་བ་38དང་རྣམ་གྲངས་ཆུང་བ་407ནང་ཞུགས་རྒྱུ་རེད། ཨོ་ལིམ་ཕིག་གི་སྙིང་སྟོབས་དང་ཀྲུང་ཧྭའི་ལུས་རྩལ་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ། “འགན་འཁྲི་ཕྲག་ཏུ་འཁུར་ནས་ང་ཡིས་འབད་འཐབ་ལྷོད་མེད་བྱེད་པའི”འགན་འཁྲི་ཁུར་བ་ནས་འབད་འབུངས་ཡར་བརྩོན་དང་། རང་ཉིད་ལས་རྣམ་པར་བརྒལ་བ། རྒྱལ་ཁབ་ཆེད་དུ་གཟི་བརྗིད་བརྩོན་ལེན་བཅས་བྱས་ཚེ། འཛམ་གླིང་ལ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལུས་རྩལ་ལག་ལེན་གྱི་སྟོབས་ཤུགས་ཆེན་པོ་མངོན་ཐུབ་ངེས་རེད།
མིག་སྔར། འཛམ་གླིང་གི་འགྱུར་ལྡོག་དང་། དུས་རབས་ཀྱི་འགྱུར་ལྡོག ལོ་རྒྱུས་ཀྱི་འགྱུར་ལྡོག་བཅས་སྔར་བྱུང་མ་མྱོང་བའི་བྱེད་ཐབས་ནས་སྤེལ་བཞིན་ཡོད་པས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུ་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་མདུན་ལམ་གནས་ས་དེ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ང་ཚོས་མུ་མཐུད་ཨེ་ཤེ་ཡ་འཕེལ་རྒྱས་ཡག་པོ་དང་འཛུགས་སྐྲུན་ཡག་པོ་བྱས་ནས་ཨེ་ཤེ་ཡའི་ལྡེམ་ཤུགས་དང་། བློ་གྲོས། སྟོབས་ཤུགས་བཅས་མངོན་པར་བྱེད་དགོས” “ཨེ་ཤེ་ཡའི་ལས་དབང་གཅིག་མཐུན་འདུས་གྲུབ་ཕྱོགས་སུ་བསྐྱོད་དེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་དགོས”ཞེས་ནན་བཤད་གནང་ཡོད།
ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པ་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུ།