རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་འཚོགས་ཏེ“སློབ་གྲྭ་འབྲིང་ཆུང་གི་སློབ་དཔྱོད་མ་ལག་འཛུགས་སྐྱོང”ལ་དམིགས་ནས་གྲོས་མོལ་སྲིད་གླེང་བྱས་པ།
རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས་བཅུ་པ་ཚེས་22ཉིན་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཁོང་གིས། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་སློབ་གསོ་རྒྱལ་ཁབ་ཀྱི་ཇུས་ཆེན་དང་ཏང་གི་ཇུས་ཆེན་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཐོག་སློབ་གསོ་དེང་རབས་ཅན་ལ་འགྱུར་མགྱོགས་སུ་གཏོང་བ་དང་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྱོང་བྱེད་པའི་ཐབས་ཇུས་གལ་ཆེན་བཏོན་ནས། དུས་རབས་གསར་པའི་སློབ་གསོའི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་བཀོད་པའི་རང་བཞིན་གྱི་འགྱུར་ལྡོག་ཡོང་བར་སྐུལ་འདེད་བཏང་ཡོད་ཅེས་གསུངས་པ་རེད།
ཝང་ཧུའུ་ཉིང་གིས་གསུངས་དོན། སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་བྱས་ནས་གོ་བ་གཏིང་ཟབ་བླངས་ཐོག་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་དམིགས་ནས། སྲིད་གླེང་ཇུས་འདོན་དང་། བསམ་བློར་ཁྲིད་སྟོན། མི་སེམས་གཅིག་སྒྲིལ་བཅས་ཀྱི་ལས་དོན་གཏིང་ཟབ་དང་ཞིབ་ཚགས་སྒྲུབ་དགོས། སློབ་གྲྭ་འབྲིང་ཆུང་གི་སློབ་དཔྱོད་མ་ལག་འཛུགས་སྐྱོང་ཁྲོད་ཀྱི་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་ལ་དམིགས་ནས་གྲོས་མོལ་སྲིད་གླེང་བྱས་ཏེ་སློབ་གྲྭ་འབྲིང་ཆུང་གི་སློབ་དཔྱོད་ལས་དོན་སྤེལ་བར་ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་རྩ་བའི་ལས་འགན་སྔར་བས་དོན་འཁྱོལ་བྱེད་པ་དང་། སློབ་གྲྭ་འབྲིང་ཆུང་གི་སློབ་དཔྱོད་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ། སློབ་གྲྭ་འབྲིང་ཆུང་གི་སློབ་དཔྱོད་ལས་དོན་སྒྱུར་བཅོས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་སློབ་གྲྭ་འབྲིང་ཆུང་གི་སློབ་དཔྱོད་དཔུང་ཁག་འཛུགས་པ། སློབ་གྲྭ་འབྲིང་ཆུང་གི་སློབ་དཔྱོད་འགན་ལེན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་ལ་སྐུལ་འདེད་གཏོང་དགོས། སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ཞིབ་འཇུག་དང་དྲིལ་བསྒྲགས་བྱེད་པའི་ལས་དོན་རྒྱུན་མཐུད་ཡག་པོ་སྒྲུབ་པ་དང་། དུས་རབས་གསར་པའི་སློབ་གསོའི་བྱ་གཞག་གི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དྲིལ་བསྒྲགས་ཡག་པོ་བྱེད་པ། མི་དམངས་སློབ་གསོ་མཁས་ཅན་གྱི་གསོན་ཉམས་ལྡན་པའི་གཏམ་རྒྱུད་ཡག་པོ་བརྗོད་པ་བཅས་བྱས་ནས། དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་རྣམ་པ་ཟབ་མོ་ཆགས་པར་བྱེད་དགོས།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲེང་ཧྥུའུ་ཀྲི་དང་། ཀྲང་ཀྲི་ཡུང་། མོང་ཧུའེ། ལན་ཧྲའོ་མིང་། ཧུང་ཝེ། མཱ་ཅིང་ལིན། ཕན་ཧུའེ་ལི། ཝང་ཁྲེང་པིན། ཝང་ཏིང་ཧྭ་བཅས་དང་རིགས་གཅིག་མཁས་ཅན་ཡེ་ཝུན་ཙི་སོགས་ཀྱིས་གཏམ་བཤད་སྤེལ་ཞིང་། ཚང་མས། སློབ་གྲྭ་འབྲིང་ཆུང་གི་སློབ་དཔྱོད་ལམ་ལུགས་ནི་ཀྲུང་གོའི་སློབ་གསོའི་མ་ལག་གི་ཁྱད་ཆོས་དང་། ལེགས་ཆ། འདེགས་སྐྱོར་གལ་ཆེན་བཅས་ཡིན་པས། སློབ་དཔྱོད་ལས་དོན་གྱི་འགན་ནུས་ངེས་གནས་ཁ་གསལ་བཟོས་ནས་རྒྱལ་ཁབ་དང་། ཞིང་ཆེན། གྲོང་ཁྱེར། རྫོང་། སློབ་གྲྭ་བཅས་རིམ་པ་ལྔའི་སློབ་དཔྱོད་ལས་དོན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་སྦྲགས་གྲོང་གསེབ་ཀྱི་སློབ་དཔྱོད་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། སློབ་དཔྱོད་ཀྱི་རང་ངོས་སྒྱུར་བཅོས་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་སློབ་དཔྱོད་ཞབས་ཞུའི་ཁ་ཕྱོགས་སྟངས་འཛིན་བྱེད་པ་དང་ཆབས་ཅིག ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་གསོ་སྐྱོང་གི་སློབ་གསོའི་མ་ལག་འཛུགས་པར་དམིགས་ནས་སློབ་མའི་བྱང་ཚད་གཙོ་བོ་ལེགས་སུ་གཏོང་བར་ཤུགས་སྣོན་རྒྱག་དགོས། སློབ་དཔྱོད་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཆེད་ལས་ཅན་གྱི་གསོ་སྦྱོང་མ་ལག་བཙུགས་ཏེ་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་དང་སློབ་དཔྱོད་པ་མཉམ་འདྲེས་གསོ་སྐྱོང་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས། སློབ་དཔྱོད་ཐོན་ཁུངས་མཉམ་སྤྱོད་དང་སློབ་དཔྱོད་ལས་དོན་གསར་གཏོད་ལ་སྐུལ་འདེད་བཏང་ནས་སློབ་དཔྱོད་གྲངས་འཛིན་ཅན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་རྨང་གཞིའི་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ངོས་འཛིན་བྱས་པ་རེད།