རང་ལྗོངས་ཀྱི་རིག་གནས་སྡེ་ཚན་གྱིས་བྱ་ཐབས་སྣ་ཚོགས་སྤྱད་དེ་གྲོང་ཚོ་རིམ་པའི་རིག་རྩལ་འཁྲབ་སྟོན་རུ་ཁག་ཡོངས་ཁྱབ་ཐུབ་པར་སྐུལ་འདེད་བཏང་བ།
རིག་རྩལ་རྟ་དམག་རུ་ཁག་གིས་ས་མཐོར་བང་རྩལ་འགྲན།
འདི་ནི་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་རིག་རྩལ་ཚོགས་པ་སྒྲིག་འཛུགས་བྱས་ནས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དུ་རིག་གནས་དམངས་ཕན་གྱི་ཆེད་དོན་འཁྲབ་སྟོན་བྱེད་པའི་གནས་ཚུལ་ཡིན་པ།
ཉེ་བའི་ལོ་ཤས་རིང་། བོད་ཀྱི་གྲོང་གསེབ་དང་འབྲོག་ཁུལ་དུ་འཁྲབ་སྟོན་བྱེད་མཁན་གྲོང་ཚོ་རིམ་པའི་རིག་རྩལ་འཁྲབ་སྟོན་རུ་ཁག་གིས་མང་ཚོགས་ཀྱིས་གོ་ཐུབ་པའི་སྐད་ཡིག་དང་ལྟ་འདོད་ལ་ཉན་སྤྲོ་བའི་རིག་རྩལ་གྱི་རྣམ་པར་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་ཐུགས་ཁུར་དང་བྱམས་སྐྱོང་གནང་ལུགས་དང་ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། མཛད་ཕྱོགས། སྲིད་ཇུས་བཅས་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་ལ་གཏིང་ཟབ་ཟུག་པར་བྱས་ཡོད། མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བའི་དགོས་མཁོ་གང་ལེགས་སྐོང་བ་དང་ཆབས་ཅིག རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་སྔར་བས་ཆེ་རུ་བཏང་ཡོད།
གྲངས་གཞི་ལས་མངོན་པར། མིག་སྔའི་བར་བོད་དུ་གྲོང་ཚོ་རིམ་པའི་རིག་རྩལ་འཁྲབ་སྟོན་རུ་ཁག་5492བཙུཊ་ནས་ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་ཚང་མར་རིག་རྩལ་འཁྲབ་སྟོན་རུ་ཁག་ཁྱབ་ཡོད་པ་དང་འཁྲབ་སྟོན་ནང་ཞུགས་མཁན་མང་ཚོགས་ཁྲི་10ལྷག་ཙམ་ཟིན་ཡོད་པ་རེད།
འདི་ལོའི་ཟླ་2ཚེས་12ཉིན་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་བཅས་ཀྱིས་འདེམས་སྒྲུག་བྱས་པའི་གཞི་རིམ་གྱི་སྤྱི་པའི་རིག་གནས་ཞབས་ཞུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་མཚོན་དངོས་སུ་ཁྱབ་བསྒྲགས་བྱས་པ་དང“བོད་ཀྱི་སྲིད་འཛིན་གྲོང་ཚོ་ཚང་མར་རིག་རྩལ་འཁྲབ་སྟོན་རུ་ཁག་ཁྱབ་པའི”རྣམ་གྲངས་གྲུབ་འབྲས་ཐོབ་པའི་ངང་དེའི་ནང་ཚུད་ཡོད། དེ་ནི་ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་རིག་གནས་སྡེ་ཚན་གྱིས་ལྗོངས་ཡོངས་ཀྱི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ཡག་པོ་བྱས་ཏེ། ཚད་གཞི་དང་ཡང་ཡང་བསྡུར་ནས་ཧེ་བག་འཚོལ་རྒྱུ་མཐའ་འཁྱོངས་ཀྱིས་ལྗོངས་ཡོངས་ཀྱི་རིག་གནས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་ལ་ཞིབ་དཔྱད་བྱེད་པའི་གྲུབ་འབྲས་ཀྱི་གྲས་ཤིག་རེད།
རིག་གནས་ཞབས་ཞུའི“མཐའ་མའི་འགག་གནད”བསལ་བ།
མངའ་རིས་ས་ཁུལ་རུ་ཐོག་རྫོང་གི་ཁོངས་གཏོགས་སུ་ཤང་བཞི་དང་། གྲོང་རྡལ་གཅིག སྲིད་འཛིན་གྲོང་ཚོ་13བཅས་ཡོད་ཅིང་། འབྲོག་ལས་གཙོ་བོར་བྱེད་པ་དང་ས་མ་འབྲོག་གི་མཐའ་མཚམས་རྫོང་ཞིག་རེད། དེ་གར་སྤྱི་ལེ་ངོས་གྲུ་8.5རེར་མི་གཅིག་ཙམ་ལས་མེད་པས་རིག་གནས་ཞབས་ཞུའི་ཁྱབ་རྒྱ་ཧ་ཅང་ཆེན་པོ་ཡོད།
སྔོན་ཆད་འདིར་རིག་རྩལ་འཁྲབ་སྟོན་ལ་ལྟ་འདོད་ན་སྤྱི་ལེ་བཅུ་ཕྲག་ཁ་ཤས་འགྲོ་དགོས་པ་དང་ད་ཆ་རྣམ་པ་འདིར་འགྱུར་ལྡོག་བྱུང་ཡོད།
“ད་ཆ་རིག་རྩལ་འཁྲབ་སྟོན་རུ་ཁག་གིས་རྟག་ཏུ་འཁྲབ་སྟོན་བྱེད་པར་ཡོང་གི་ཡོད་པས། ང་ཚོས་རང་ཁྱིམ་གྱི་སྒོ་རྩར་གྲོང་ཚོ་རིམ་པའི་རིག་རྩལ་འཁྲབ་སྟོན་ལྟ་ཐུབ”ཅེས་མངའ་རིས་ས་ཁུལ་རུ་ཐོག་རྫོང་རྡོ་དམར་ཤང་དབུས་བྱང་གྲོང་ཚོའི་ཡུལ་མི་སྐལ་བཟང་ལུང་འཕེལ་གྱིས་བཤད།
ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྔར་ནས་བཟུང་བོད་ཀྱི་རིག་གནས་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་ནས་བོད་ཀྱི་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཐད་བཀོད་སྒྲིག་རབ་དང་རིམ་པ་བྱས་ཡོད།
ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་འཚོགས་རྗེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བོད་ཀྱི་ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས། ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་ཚང་མར་རིག་རྩལ་འཁྲབ་སྟོན་རུ་ཁག་འཛུགས་རྒྱུའི་གཏན་འཁེལ་བྱས་པ་རེད།
2022ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་གྲོང་ཚོ་རིམ་པའི་རིག་རྩལ་འཁྲབ་སྟོན་རུ་ཁག་གིས་དམངས་ཕན་འཁྲབ་སྟོན་ཐེངས་ཁྲི་4ལྷག་ཙམ་བྱས་པ་རེད།
དེ་དང་ཆབས་ཅིག རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་ཀྱིས་རང་ལྗོངས་ཀྱི་རིག་གནས་འཛུགས་སྐྱོང་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་རིག་གནས་དང་ཡུལ་སྐོར་པུས《ཁ་གཏད་བོད་སྐྱོར་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》ནང“བོད་ཀྱི་གྲོང་ཚོ་རིམ་པའི་རིག་རྩལ་འཁྲབ་སྟོན་རུ་ཁག་ལ་རྒྱབ་སྐྱོར་དེ་བས་མང་བ་བྱས་ནས་གངས་ལྗོངས་ས་མཐོའི‘རིག་རྩལ་རྟ་དམག་རུ་ཁག’འཛུགས་དགོས་པ”བསྟན་ཡོད།
ལྗོངས་ཡོངས་ཀྱི་གྲོང་ཚོ་རིམ་པའི་རིག་རྩལ་འཁྲབ་སྟོན་རུ་ཁག་ཚང་མ་རྒྱུན་གཏན་གྱི་འཁོར་སྐྱོད་ཐུབ་པ་བྱ་ཆེད། རང་སྐྱོང་ལྗོངས་ཀྱིས་ལོ་ལྟར་གྲོང་ཚོ་རིམ་པའི་རིག་རྩལ་འཁྲབ་སྟོན་རུ་ཁག་ཚང་མར་ཁ་གསབ་མ་དངུལ་སྒོར་ཁྲི་5བཀོད་སྒྲིག་བྱས་ཡོད། ལོ་ལྟར་གྲོང་ཚོ་རིམ་པའི་རིག་རྩལ་འཁྲབ་སྟོན་རུ་ཁག་གིས་སྤྱི་ཕན་རང་བཞིན་གྱི་འཁྲབ་སྟོན་ཐེངས་8ལས་མི་ཉུང་བ་སྒྲིག་འཛུགས་བྱས་ནས་གཞི་རིམ་དང་ལྷག་པར་དུ་ཐག་རིང་ལུང་ཁུག་གི་ཞིང་འབྲོག་ཁུལ་གྱི་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་གི་ཡོད།
“ང་ཚོས་སྲིད་གཞུང་གིས་སྤྱི་པའི་རིག་གནས་ཞབས་ཞུ་ཉོ་བའི་ཐབས་ལམ་ལ་བརྟེན་ནས་ཆེད་ལས་ཀྱི་དགེ་རྒན་དཔུང་ཁག་སྒྲིག་འཛུགས་བྱས་ཏེ། གྲོང་ཚོ་རིམ་པའི་རིག་རྩལ་འཁྲབ་སྟོན་རུ་ཁག་ལ་ཟུར་ཁྲིད་གསོ་སྦྱོང་བྱས་ནས་གྲོང་ཚོ་རིམ་པའི་རིག་རྩལ་འཁྲབ་སྟོན་རུ་ཁག་གི་འཁྲབ་སྟོན་གྱི་ཆུ་ཚད་དང་ལེ་ཚན་གྱི་སྤུས་ཚད་སྔར་བས་མཐོ་རུ་གཏོང་གི་ཡིན”ཞེས་རང་སྐྱོང་ལྗོངས་རིག་གནས་ཐིང་སྤྱི་པའི་རིག་གནས་ཁྲུའི་ཁྲུའུ་ཀྲང་མིག་དམར་གྱིས་བཤད།
“དཔུང་ཁག་ཆུང་ཆུང”གིས་བསམ་པའི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བའི་གཡུལ་ས་གལ་ཆེན་འདེགས་པ།
ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་གྲོང་ཚོ་རིམ་པའི་རིག་རྩལ་འཁྲབ་སྟོན་རུ་ཁག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དེ་གཞི་རིམ་གྱི་དྲིལ་བསྒྲགས་རིག་གནས་ཀྱི་གཡུལ་ས་སྟོབས་ཆེར་གཏོང་བ་དང་། གཞི་རིམ་མང་ཚོགས་ཀྱི་རིག་གནས་ཀྱི་དགོས་མཁོ་སྐོང་བ། ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་གཏོང་བ་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩི་གི་ཡོད།
ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཡིན་པའི་ངོས་ནས་རང་ལྗོངས་ཀྱིས་ལོ་ལྟར་མ་དངུལ་སྒོར་དུང་ཕྱུར་2.74བཏང་སྟེ་གྲོང་ཚོ་རིམ་པའི་རིག་རྩལ་འཁྲབ་སྟོན་རུ་ཁག་གི“ཚད་གཞི་བརྒྱད”ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ནས། དེ་ཉིད་མང་ཚོགས་རིག་གནས་འཛུགས་སྐྱོང་ལ་ཞུགས་པ་དང་རིག་གནས་ཀྱི་གྲུབ་འབྲས་ལོངས་སྤྱོད་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་འགྱུར་བར་བྱས་ཏེ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་རིག་གནས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་སྔར་བས་ཆེ་རུ་བཏང་ཡོད།
ཉིན་ལྟར་ས་སྲིབ་ཀྱི་མཚམས་སུ་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་ཐང་ཆེན་དུ་ས་གནས་དེ་གའི་གྲོང་ཚོ་རིམ་པའི་རིག་རྩལ་འཁྲབ་སྟོན་རུ་ཁག་གི་རུ་མིས་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཐང་ཆེན་ཞབས་བྲོ་འཁྲབ་སྟེ་མཐའ་མཚམས་ཀྱི་གྲོང་རྡལ་ཆུང་ཆུང་འདིའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད།
སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་གྱི་ལས་དོན་སྤེལ་ཚུན་ལྗོངས་ཡོངས་ཀྱི་རིག་གནས་ཁོངས་གཏོགས་ཀྱིས་སྒྲིག་འཛུགས་ཞིབ་ཚགས་བྱས་པ་དང“དུས་བཞིའི་གྲོང་ཚོའི་མཚན་ཚོགས”དང“ས་གཞི་ཆེན་པོའི་དགའ་གླུ”ཞེས་པའི་རྒྱལ་ཡོངས་ཀྱི་གྲོང་གསེབ་རིག་གནས་བྱེད་སྒོའི་ལོ་སོགས་བྱེད་སྒོ་སྤུས་རྟགས་ཧུར་ཐག་སྤེལ་ཏེ་མི་དམངས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྔར་བས་སྐོང་ཐུབ་པ་བྱས་ཡོད། སྲིད་ཇུས་ཀྱི་རོགས་སྐྱོར་དང་རིམ་ཁག་རིག་གནས་གཙོ་གཉེར་སྡེ་ཚན་གྱི་མཛུབ་ཁྲིད་ནུས་ལྡན་འོག་བོད་ཀྱི་གྲོང་ཁྱེར(ས་ཁུལ)ཁག་གི་རིམ་ཁག་གྲོང་ཚོ་རིམ་པའི་རིག་རྩལ་འཁྲབ་སྟོན་རུ་ཁག་དེ་བསམ་པའི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བའི་གཡུལ་ས་གལ་ཆེན་ཞིག་ཏུ་གྱུར་ཡོད།
བརྟག་ཞིབ་བྱེད་རིང་མིག་དམར་གྱིས་འགྱུར་ལྡོག་ཕྱིན་པ་ཤེས་རྟོགས་ཐུབ་ཡོད། ཁོང་གིས་བོད་ཀྱི་གྲོང་ཚོ་རིམ་པའི་རིག་རྩལ་འཁྲབ་སྟོན་རུ་ཁག་གིས་གྲོང་ཚོ་ཁག་གི་ཁྱིམ་དུ་འཛུལ་ནས་སྡོད་པའམ་ཡང་ན་ཇ(ཨར)ཁང་དུ་སྡོད་མཁན་གྱི་ན་གཞོན་དང་རྒན་རྒོན་རུ་ཁག་ནང་བཅུག་ནས་རང་ལྗོངས་ཀྱི་རིག་གནས་ཞབས་ཞུའི་དཀའ་གནད་ཐག་གཅོད་དང་། རིག་གནས་ཞབས་ཞུའི་མཐའ་མའི་འགག་གནད་ཤར་གཏོང་ཐུབ་པ། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པ་བཅས་གཞི་རིམ་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་ཕྱིན་ཡོད་ཅེས་བཤད།
མིག་དམར་གྱིས་སླད་ཕྱིན“རིག་གནས་བརྒྱ་སྟོང་ཁྲིའི་བྱ་སྤྱོད”ལག་བསྟར་བྱ་རྒྱུ་དམ་འཛིན་བྱ་གཞིར་བརྩིས་ཏེ་རིག་རྩལ་ལས་དོན་པ་དེ་བས་མང་བས་བསམ་བློའི་རང་བཞིན་དང་། སྒྱུ་རྩལ་གྱི་རང་བཞིན། ལྟད་མོའི་རང་བཞིན་བཅས་གཅིག་གྱུར་ཡོང་བ་དང་མི་དམངས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་སྤུས་ཚད་མཐོ་བའི་ཕུལ་བྱུང་གི་རིག་རྩལ་བརྩམས་ཆོས་གསར་རྩོམ་བྱེད་དུ་འཇུག་གི་ཡིན་ཞེས་བཤད།
རིག་གནས་ཀྱི་གནད་སྨིན་མཁོ་སྤྲོད་དེ་གྲོང་གསེབ་དར་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་སུ་གྱུར་པ།
ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་ཚོ་རིམ་པའི་རིག་རྩལ་འཁྲབ་སྟོན་རུ་ཁག་ཁག་གཅིག་གིས་ས་བབ་ཀྱི་ལེགས་ཆ་སྤྱད་དེ་རིག་རྩལ་འཁྲབ་སྟོན་དང་གྲོང་གསེབ་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ཡོད། ཡུལ་སྐོར་བ་མང་བའི་དུས་ཚིགས་སུ་གྲོང་ཁྱེར་དེའི་ཡུལ་སྐོར་ཁེ་ལས་ཁག་གཅིག་གིས་ས་གནས་དེ་གའི་གྲོང་ཚོ་རིམ་པའི་རིག་རྩལ་འཁྲབ་སྟོན་རུ་ཁག་གདན་དྲངས་པ་དང་རིག་རྩལ་འཁྲབ་སྟོན་གྱིས་འགྲུལ་རྒྱུན་བཀུག་སྟེ་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་བྱས་ཡོད།
རྣམ་གྲངས་འདི་ཁོ་ནར་བརྟེན་ནས། རིག་རྩལ་འཁྲབ་སྟོན་རུ་ཁག་ལ་མི་རེར་སྒོར་ཁྲི་2དང་ཁྱོན་བསྡོམས་སྒོར་ཁྲི་40ཡས་མས་ཀྱི་ཡོང་འབབ་རག་པས། རུ་མི་ཚོའི་ཧུར་སེམས་ཆེས་ཆེར་འཕེལ་ནས་རིག་གནས་ཀྱི་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་ཐེབས་པ་མ་ཟད། ད་དུང་འཁྲབ་སྟོན་དཔུང་ཁག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་རམ་འདེགས་ཐུབ་ཡོད།
རང་ལྗོངས་ཀྱི་གཙོ་གནད་ཀྱི་མཐའ་མཚམས་གྲོང་ཚོ་ཡིན་པའི་ཆ་ནས། མངའ་རིས་ས་ཁུལ་རུ་ཐོག་རྫོང་རྡོ་དམར་ཤང་དབུས་བྱང་གྲོང་ཚོའི་གྲོང་ཚོ་རིམ་པའི་རིག་རྩལ་འཁྲབ་སྟོན་རུ་ཁག་གི་རུ་མི་20ལྷག་ཙམ་གྱིས་རྟག་ཏུ་མཐོ་གྲང་གི་གསོ་རླུང་དཀོན་པའི་མཐའ་སྐོར་གྱི་གྲོང་མི་ཚོར་སྤྲོ་སེམས་འཁོལ་བའི་འཁྲབ་སྟོན་བྱས་ནས། ཏང་གི་སྲིད་ཇུས་བཟང་པོ་དང་གསུང་སྒྲ་དུས་ཐོག་ཏུ་མཐའ་མཚམས་ཀྱི་རྫོང་དང་ཤང་གི་མི་སེར་ལ་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་རེད།
མིག་དམར་གྱིས“རིག་རྩལ་འཁྲབ་སྟོན་གྱི་སྐབས་སུ། གྲོང་ཚོའི་རྒན་རྒོན་དང་བྱིས་པ་ཚང་མ་ལྷན་དུ་འཛོམས་ཀྱི་ཡོད་པས། དེ་ནི་གྲོང་ཚོའི་ནུས་ཤུགས་གཅིག་སྒྲིལ་དང་མང་ཚོགས་ཀྱིས་སློབ་གསོ་མྱོང་བའི་བརྒྱུད་རིམ་རེད་ལ། སེམས་ནུས་གཅིག་སྒྲིལ་བྱས་ནས་མོས་སེམས་ཆེ་རུ་གཏོང་བའི་བརྒྱུད་རིམ་ཡང་རེད”ཅེས་བཤད།
ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་རིག་གནས་ཐིང་གིས“མཛེས་པའི་བོད་ལྗོངས། གཅེས་པའི་ཕ་ཡུལ”གྱི་ཕུལ་བྱུང་གི་རིག་གནས་ཐོན་རྫས་གྲོང་གསེབ་མཁོ་འདོན་འདུ་འགོད་ཀྱི་སྒྲ་བརྙན་གྱི་སློབ་ཚན་ཁྲིད་པ་བརྒྱུད་གྲོང་ཚོ་རིམ་པའི་རིག་རྩལ་འཁྲབ་སྟོན་རུ་ཁག་གིས་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་དང་ཕུལ་བྱུང་གི་གླུ་གར་སློབ་སྦྱོང་བྱས་ནས་ས་གནས་དེ་གའི་མང་ཚོགས་ལ་འཁྲབ་སྟོན་བྱས་པས། མི་རིགས་ཁག་གི་རིག་གནས་སྤེལ་རེས་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ལ་སྐུལ་མ་ཐེབས་ཡོད་པ་རེད།
གྲངས་གཞི་གསར་ཤོས་ལས་མངོན་པར་གཞིགས་ན། བོད་ཀྱིས་མིག་སྔའི་བར་གྲོང་ཚོ་རིམ་པའི་རིག་རྩལ་འཁྲབ་སྟོན་རུ་ཁག་5492བཙུགས་ནས་ལྗོངས་ཡོངས་ཀྱི་གྲོང་ཚོ་ཚང་མར་རིག་རྩལ་འཁྲབ་སྟོན་རུ་ཁག་ཡོད་པ་དང་། དེའི་ཁར་རྫོང(ཆུས)གི་སྒྱུ་རྩལ་ཚོགས་པ་76བསྣན་ཚེ་རིག་རྩལ་འཁྲབ་སྟོན་མི་གྲངས་ཁྱོན་ཁྲི་10ལྷག་ཙམ་ཟིན་གྱི་ཡོད་ལ། ཆ་སྙོམས་ལོ་ཧྲིལ་པོར་སྤྱི་ཕན་རང་བཞིན་གྱི་འཁྲབ་སྟོན་ཐེངས་ཁྲི་4.4ལྷག་ཙམ་བྱས་ནས་མང་ཚོགས་མི་ཐེངས་ཁྲི་300ལྷག་ཙམ་ལ་ཕན་པ་ཐོབ་སྟེ། གཞི་རིམ་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་པ་རེད།