མཚོ་ཆེན་རྫོང་གིས་རའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་བཏང་བ།
སྤུས་རྟགས་བཏོད་ནས་ར་ཁམ་པའི་ཁུ་ལུ་སྐད་གྲགས་ཆོད་ཚད་མཐོ་རུ་བཏང་བ།
མཚོ་ཆེན་རྫོང་ནི་མངའ་རིས་ས་ཁུལ་གྱི་ཤར་ལྷོའི་རྒྱུད་དུ་གནས་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་4700ཟིན་ཞིང་། དམིགས་བསལ་གྱི་ས་བབ་ལས་མཛེས་སྡུག་ལྡན་པའི་བཀྲ་རི་གནམ་མཚོ་ཆགས་ཡོད། རྩ་ཆེ་བའི་ཁུལ་ལྡན་ར་ཁམ་པ་གནས་འདིར་རྒྱུད་སྤེལ་བྱེད་བཞིན་ཡོད། 2017ལོའི་ཟླ་6པར། མཚོ་ཆེན་རྫོང་གི་ཁུལ་ལྡན་ར་ཁམ་པ་རྒྱུད་སྤེལ་ར་བ་དེ་བོད་ཀྱི་ར་ཁམ་པ་རྒྱལ་ཁབ་རིམ་པའི་རྒྱུད་པ་སྲུང་སྐྱོང་ར་བར་རིམ་པ་སྤར་བ་དང་2018ལོའི་ཟླ་6པར“མཚོ་ཆེན་ཁུལ་ལྡན་ར་ཁམ་པ”རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་ལ་གྲུབ་འབྲས་ཐོབ་པའི་ངང་རེ་ཞུ་བྱས་ནས་མངའ་རིས་ས་ཁུལ་ལ་ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་ཐོ་འགོད་མེད་པའི་ཚད་བརྒལ་བྱུང་ཡོད་པ་རེད།
མི་རིང་བའི་གོང་། གསར་འགོད་པ་མཚོ་ཆེན་རྫོང་ཁུལ་ལྡན་རའི་རྒྱུད་བཟང་སྐྱེ་འཕེལ་ར་བར་སྐྱོད་སྐབས་ལས་དོན་མི་སྣ་ཁ་ཤས་ཀྱིས་ཁུལ་ལྡན་ར་ཁམ་པ་བརྒྱ་ཕྲག་མང་པོར་རིམས་འགོག་སྨན་ཁབ་རྒྱག་བཞིན་འདུག “ང་ཚོའི་རྫོང་གི་ཁུལ་ལྡན་ར་ཁམ་པ་དེ་ཡུན་རིང་གི་རང་བྱུང་གདམ་ག་དང་མི་ཐབས་ལ་བརྟེན་ནས་འདེམས་གསོ་བྱས་པ་བརྒྱུད། དམིགས་བསལ་གྱི་མཐོ་གྲང་སྐྱེ་ཁམས་ཁོར་ཡུག་ཁྲོད་ས་གནས་ཀྱི་ལེགས་ཆ་ཆེན་པོ་ལྡན་པའི་ར་ཁམ་པའི་རྒྱུད་པ་གྲུབ་པ་དང་ལྗོངས་ཡོངས་སུ་རྒྱུད་པ་བཟང་ཤོས་རེད”གསོ་སྤེལ་ར་བར་ལག་རྩལ་མི་སྣ་ཕུར་བུས་མཚོ་ཆེན་རྫོང་དུ་རའི་དཔེ་སྟོན་གྲོང་ཚོ་4དང་ཁུལ་ལྡན་ར་ཁམ་པ་གསོ་ཚགས་དཔེ་སྟོན་དུད་ཚང་718ཡོད་པ་དང་། རྫོང་ཡོངས་སུ་ཁུལ་ལྡན་ར་ཁྲི་15.77གྱི་ཁྲོད་རྒྱུད་བཟང་ཁུལ་ལྡན་ར་ཁམ་པ་ཁྲི་12.71ཡོད་པར་ལོ་རེར་ཁུ་ལུ་ཐོན་ཚད་ཏུན་40ལྷག་ཙམ་ཟིན་གྱི་ཡོད་ཅེས་བཤད།
2017ལོར་བོད་ལྗོངས་སྤུས་ལེགས་ར་ཁམ་པའི་ཁུ་ལུ་བཟོ་ཚོང་ཚད་ཡོད་ཀུང་སི་བཙུགས་ཤིང་། མིག་སྔར་ཀུང་སི་དེས་ཁུ་ལུའི་འོག་འཇུག་དང་། ཁུ་ལུའི་ཁ་དཀྲིས། ཁུ་ལུའི་ལྭ་བ་སོགས་ཀྱི་ཐོན་རྫས་རང་བརྟེན་ཐོན་སྐྱེད་བྱེད་ཀྱི་ཡོད། ལོ་རེར་ཆ་སྙོམས་ཁུ་ལུའི་ཐོན་རྫས་2800ཐོན་སྐྱེད་བྱེད་ཀྱི་ཡོད་པ་དང་ལོར་བྲིན་ཚོང་བྱེད་ཚད་སྒོར་ཁྲི་70ལྷག་ཙམ་ཟིན་གྱི་ཡོད། དེ་དང་ཆབས་ཅིག ཀུང་སི་དེས་སྐབས་གཉིས་པའི་ཀྲུང་གོ—ཨེ་ཤེ་ཡ་དང་ཡོ་རོབ་དངོས་མང་སྟོན་ཚོགས་དང་། ཀྲུང་ནེའི་དཔལ་འབྱོར་ངོ་འཕྲད་གྲོས་མོལ་ཚོགས་འདུ། ཀྲུང་གོ་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སོགས་ལ་ཧུར་ཐག་ཞུགས་ནས“སྤུས་ལེགས་ར་ཁམ་པའི་ཁུ་ལུའི”སྤུས་རྟགས་དྲིལ་བསྒྲགས་ཧུར་ཐག་བྱས་ཏེ་ཐོན་རྫས་ཀྱི་ཚོང་ལམ་རྒྱ་ཆེར་གཏོང་གི་ཡོད་པ་རེད།
འབྲོག་པའི་ལག་ནང་གི་ར་ཁམ་པའི་ཁུ་ལུའི་སྤུས་ཚད་ལེགས་ཉེས་མི་གཅིག་པ་དང་སྤུས་ཚད་ཞན་པའི་ཁུ་ལུ་ཚོང་དུད་ཀྱིས་ཉོ་འདོད་མེད་པའི་རྐྱེན་གྱིས་འབྲོག་པའི་ཡོང་འབབ་བརྟན་པོ་མེད་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད། མཚོ་ཆེན་རྫོང་སྲིད་གཞུང་གིས་འབྲོག་པའི་ལག་ནང་གི་ཁུ་ལུ་གཅིག་གྱུར་ཉོ་སྒྲུབ་དང་ཕྱིར་ཚོང་བྱས་ནས་འབྲོག་པའི་ཚོང་ལམ་གྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཡོད། “ང་ཚོས‘སྤུས་ལེགས་ར་ཁམ་པའི་ཁུ་ལུའི’སྤུས་རྟགས་བཏོད་པ་ཕུད། ད་དུང་དྲ་ཐོག་ཚོང་དོན་ལས་སྟེགས་ཧུར་ཐག་བཏོད་ནས་ཚོང་ཟོག་ཕྱིར་ཚོང་གི་ཐབས་ལམ་རྒྱ་ཆེར་བཏང་བར་སྤྱི་ཡོངས་ཀྱི་བྲིན་ཚོང་ཡོང་འབབ་ཡག་པོ་འདུག”ཅེས་མཚོ་ཆེན་རྫོང་ཚོང་དོན་ཅུས་ཀྱི་ལས་དོན་མི་སྣ་སྤེན་པ་ཚེ་རིང་གིས་བཤད།
ར་ཁམ་པའི་ཁུ་ལུའི་ཐོན་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བ་དང་ཁུལ་ལྡན་ར་ཁམ་པའི་རྒྱུད་སྤེལ་ར་བའི་ཚན་ཞིབ་གནས་བབ་རྒྱུན་ཆད་མེད་པར་མཐོ་རུ་སོང་བ་དང་བསྟུན་ནས། གོམ་སྟབས་རྗེས་མར་མཚོ་ཆེན་རྫོང་གིས་ད་ཡོད་ཀྱི་ཁུལ་ལྡན་ར་ཁམ་པ་རྒྱུད་ཁུངས་སུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་འབྲོག་དུད་ཀྱི་རྒྱུད་བཟང་ཁུལ་ལྡན་ར་ཁམ་པ་འདེམས་གསོ་བྱ་རྒྱུ་རྨང་གཞིར་བྱས་ཏེ། ར་ཁམ་པའི་ཁུ་ལུའི་ཐོན་ལས་ཁུལ་གཞི་ཁྱོན་ཅན་གྱི་གསོ་ཚགས་འཁོར་སྐྱོད་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་ཚན་རྩལ་ལ་བརྟེན་ནས་ཐོན་ལས་ལེགས་གཏོང་རིམ་སྤོར་ལ་སྐུལ་ཁྲིད་བྱས་ཏེ་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་ཚན་རྩལ་གྱི་ཁྲིད་སྟོན་དང་ཐོན་ལས་ཀྱི་འདེགས་སྐྱོར་ནུས་པ་འདོན་སྤེལ་བྱ་རྒྱུ་རེད།