དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་ཁུང་ལིང་ཏུང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-09-23

    ཚེས་19ཉིན་མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཆ་འཕྲིན་བཏང་ནས། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་ཁུང་ལིང་ཏུང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱས་པ་རེད།

    ཉིན་ཤས་གོང་། ཀྲུང་གུང་མཚོ་སྔོན་ཞིང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་སྐབས་བཅུ་བཞི་པའི་ཞིང་ཨུད་ཀྱི་ཨུ་ཡོན་དང་། ཟི་ལིང་གྲོང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་བཅས་ཡིན་པའི་ཁུང་ལིང་ཏུང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པའི་གནད་དོན་ལ་གྱོད་ཐོ་བཀོད་ནས་ཞིབ་བཤེར་བརྟག་དཔྱད་བྱས་པ་རེད།

    ཞིབ་བཤེར་བྱས་པ་བརྒྱུད། ཏང་ཡོན་འགོ་ཁྲིད་ལས་བྱེད་པ་དང་རྒྱལ་ཁབ་ཀྱི་གཞུང་ལས་པ་ཡིན་པའི་ཁུང་ལིང་ཏུང་ཕུགས་བསམ་དང་དད་སེམས་ཉམས་པ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་ལས་འགལ་བ། ཏང་ལ་བློ་དཀར་སེམས་དཀར་མི་བྱེད་པ། རྩ་འཛུགས་ཀྱི་ཞིབ་བཤེར་ལ་མ་རུང་ཁོག་བཅུག་གིས་ཁ་གཏད་བཅག་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྣང་མེད་དུ་བཏང་ནས་སྒྲིག་འགལ་ངང་སྒེར་གཉེར་ཁེ་ལས་ཀྱི་སྦྱིན་བདག་ཚོའི་གསོལ་སྟོན་དང་ལེན་བྱས་པ། དྲང་གཞག་ངང་གཞུང་དོན་སྒྲུབ་པར་ཤུགས་རྐྱེན་ཐེབས་སྲིད་པའི་ལག་རྟགས་དང་། སྐྱེས་དངུལ། འཛད་སྤྱོད་གཱ་བཅས་ཡུན་རིང་བླངས་པ། སྒྲིག་འགལ་ངང་ལས་བྱེད་པ་འདེམས་སྒྲུག་བསྐོ་སྤྱོད་བྱས་པ། དངུལ་དང་ཆགས་སྲེད་ཀྱི་ཉོ་ཚོང་བྱས་པ། འགན་འཁྲི་ཡང་དག་པར་མི་སྒྲུབ་པ་དང་། དོན་དངོས་དང་མི་མཐུན་པར་དཔལ་འབྱོར་གྱི་དམིགས་ཚད་ལས་འགན་བཟོས་པ་དང་བཙན་ཤེད་ཀྱིས་ལེགས་སྒྲུབ་བྱེད་དགོས་པའི་བླང་བྱ་བཏོན་པས་བསྡོམས་རྩིས་ཀྱི་གྲངས་གཞི་རྫུན་མ་བཟོས་ནས་ཤུགས་རྐྱེན་ངན་པ་ཐོན་པ། སྒྲིག་སྲོལ་ལས་འགལ་ཏེ་ཁྲོམ་རའི་དཔལ་འབྱོར་གྱི་བྱེད་སྒོར་ཐེ་གཏོགས་དང་ཐེ་ཇུས་བྱས་པ། སྤྱི་དོན་དབང་ཆ་དེ་སྒེར་གྱི་ཁེ་ཕན་གཉེར་བའི་ལག་ཆར་བརྩིས་ནས་གོ་གནས་ཀྱི་སྟབས་བདེ་སྤྱད་དེ་མི་གཞན་ལ་ལས་གྲྭ་འགན་གཙང་དང་ཁེ་ལས་གཉེར་སྐྱོང་སོགས་ཐད་རོགས་རམ་བྱས་ནས་ཁྲིམས་འགལ་ངང་རྒྱུ་ནོར་འབོར་ཆེན་བླངས་པ་བཅས་བྱས་ཡོད།

    ཁུང་ལིང་ཏུང་གིས་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས་བཅས་ལས་ཚབས་ཆེན་འགལ་ནས་གོ་གནས་ཀྱི་ཁྲིམས་འགལ་ཚབས་ཆེན་བྱས་པ་དང་འབྲེལ། ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞི་ཡོད་པའི་ཐོག ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུ་ཡང་མཚམས་དང་ཚོད་མེད་པར་ངོ་བོ་ཚབས་ལྕི་ལ་ཤུགས་རྐྱེན་ངན་པ་བཟོས་པས་ཐག་གཅོད་ནན་པོ་བྱེད་དགོས། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལས་མི་སྣའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས》སོགས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་དང་ཀྲུང་གུང་མཚོ་སྔོན་ཞིང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་དང་འབྲེལ། ཀྲུང་དབྱང་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་གྲོས་ཞིབ་བྱས་རྗེས། ཀྲུང་གུང་ཀྲུང་དབྱང་ལ་ཆོག་མཆན་ཞུས་ནས་ཁུང་ལིང་ཏུང་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་ཀྱི་ཆད་པ་གཅོད་རྒྱུའི་གཏན་འབེབས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱིས་གཞུང་གི་ལས་གནས་ནས་ཕྱིར་འབུད་གཏོང་རྒྱུའི་ཆད་པ་བཅད་པ། ཀྲུང་གུང་མཚོ་སྔོན་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་འཐུས་མིའི་ཐོབ་ཐང་དང་ཀྲུང་གུང་ཟི་ལིང་གྲོང་ཁྱེར་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་འཐུས་མིའི་ཐོབ་ཐང་མཚམས་འཇོག་བྱས་པ། སྒྲིག་འགལ་ཁྲིམས་འགལ་བྱས་ནས་བྱུང་བའི་ཐོབ་ཆ་དག་གཞུང་བཞེས་བཏང་བ། ད་དུང་ཉེས་གསོག་གི་དོགས་གཞི་ཡོད་པའི་གནད་དོན་དག་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་དང་ཁྲིམས་སྦྱོར་བྱ་རྒྱུར་སྐྱེལ་སྤྲོད་བྱས་པ་མ་ཟད། དེ་འབྲེལ་རྒྱུ་དངོས་ཀྱང་མཉམ་དུ་སྐྱེལ་སྤྲོད་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།