“‘རྒྱུད་གཅིག་ལམ་གཅིག’གི་སྐོར་ལ་ང་ཚོས་ཀྲུང་གོའི་སྐད་ཆ་ཉན་འདོད་འདུག”
—— “‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་དང་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་གཏོང་བའི”བརྗོད་དོན་གཙོ་བོའི་ཟུར་ཚོགས་ལ་ངོས་འཛིན་གཅིག་མཐུན་བྱུང་བ།
མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་སྐབས་54པ་ཟླ་9ཚེས་11ཉིན་ནས་ཟླ་10ཚེས་13ཉིན་བར་སུའེ་ཙེར་གྱི་རི་ནེ་ཝར་འཚོག་རྒྱུ་ཡིན་ཞིང་། དེའི་རིང་རྒྱལ་ཁབ་མང་པོའི་མི་སྣས་རྒྱལ་སྤྱིའི་ཚོགས་འདུ་སྣ་ཚོགས་ཐོག་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བ་ཡོད་པའི་གནད་དོན་ལ་གྲོས་བསྡུར་བྱ་རྒྱུ་རེད། ཚེས་19ཉིན“‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་དང་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་གཏོང་བའི”བརྗོད་དོན་གཙོ་བོའི་ཟུར་ཚོགས་ལ་ཚོགས་ཞུགས་མི་སྣའི་ངོས་འཛིན་གཅིག་མཐུན་བྱུང་ཡོད།
ཐེངས་འདིའི་བརྗོད་དོན་གཙོ་བོའི་ཟུར་ཚོགས་དེ་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་གཉེར་ཞིང་།“རྒྱུད་གཅིག་ལམ་གཅིག”དང་འགྲོ་བ་མིའི་ཐོབ་ཐང་སོགས་ཞིབ་འཇུག་ཁྱབ་ཁོངས་ཀྱི་ཀྲུང་གོའི་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་བརྗོད་དོན་གཙོ་བོར་དམིགས་ཏེ། ཕྱི་རྒྱལ་གྱི་ཚོགས་ཞུགས་མི་སྣར་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་དང་དོན་དངོས་དང་། གཞི་གྲངས་དང་། བརྙན་ལམ། པར་རིས་སོགས་འབོར་ཆེན་བརྒྱུད“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་ཀྱིས་མཉམ་སྐྲུན་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་དང་དམངས་འཚོའི་བདེ་རྩ་ཆེ་རུ་བཏང་བའི་གཏམ་རྒྱུད་བརྗོད་པར། ཕྱི་རྒྱལ་གྱི་མི་སྣ་མི་ཉུང་བ་ཞིག་གིས་ཤེས་འདོད་ཆེན་པོས་ཀྲུང་གོའི་རིགས་གཅིག་མཁས་ཅན་དང་མཁས་དབང་ལ་དྲི་བ་བཏོན་པ་རེད།
“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་ནས་ལོ་བཅུ་སོང་རིང་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ཨ་སྒོར་དུང་ཕྱུར་ཁྲི་ཙམ་གྱི་མ་འཇོག་གཞི་ཁྱོན་ཆེ་རུ་ཕྱིན་པ་དང་མཉམ་ལས་རྣམ་གྲངས་སྟོང་ཕྲག་ཁ་ཤས་ལ་གྲོས་མཐུན་བཞག་ནས་མཉམ་སྐྲུན་རྒྱལ་ཁབ་ལ་ལས་གནས་འབོར་ཆེན་བཏོད་དེ་ས་གནས་དེ་གའི་དམངས་ཚོགས་ཁྲི་སྟོང་མང་པོ་དབུལ་ཕོངས་ཀྱི་གནས་ལས་སྒྲོལ་ཐུབ་ཡོད། ཀྲུང་གོའི་རིགས་གཅིག་མཁས་ཅན་གྱིས་རྒྱས་བཤད་བྱས་པའི་དོན་དངོས་ལ་ཉན་མཁན་གྱི་ཁྲོད་དུ་ངོས་འཛིན་གཅིག་མཐུན་ཆེན་པོ་བྱུང་ཞིང་། སུའེ་ཙེར་སྨྱན་སྦྱོར་སྤྲོ་སྐྱིད་ཁང་གི་ཀྲུའུ་ཞི་གཞོན་པ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བསླབ་རྒན་ཐོ་འགོད་གསར་འགོད་པ་ཁཱ་ཐེ་ལིན་ནཱ·ཧྥེ་ཨན་ཁང་·པོ་ཁུང་ཅཱ་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་གདེང་འཇོག་བཟང་པོ་རྒྱ་ཁྱབ་ཐོབ་པའི་རྒྱུ་མཚན་ནི་དེའི་ལྟེ་བའི་དམིགས་ཡུལ་མཉམ་ལས་བྱས་ནས་འཕེལ་རྒྱས་དོན་གཉེར་བྱ་རྒྱུ་དེ་ཡིན་པས་རེད་ཅེས་བརྗོད།
སུའེ་ཙེར་གྱི་ཀྲུང་ཧྭ་མཐུན་འབྲེལ་ལྷན་ཚོགས་གཞོན་ནུའི་གླེང་སྟེགས་ཀྱི་ཀྲུའུ་ཞི་ཝང་མོང་མོང་གིས་གསར་འགོད་པར“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་ཀྱིས་མཉམ་སྐྲུན་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་ནས་མཉམ་སྐྲུན་རྒྱལ་ཁབ་ཀྱི་དམངས་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་ཡོད། འགྲོ་བ་མིའི་ཐོབ་ཐང་གི་ངོས་ནས་བལྟས་ཚེ་ས་གནས་དེ་གའི་དམངས་ཚོགས་ཀྱི་ཁེ་དབང་ལ་འགན་ལེན་དེ་བས་མང་བ་བྱས་ཡོད་ཅེས་བརྗོད་པ་རེད།
སུའེ་ཙེར་གྱི་ཕྱི་རྒྱལ་གསར་འགོད་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་པི་ཏེ་·ཁེན་ཉི་ཡིས་ཨ་ཧྥེ་རི་ཁའི་སྨྱན་སྦྱོར་ཞིག་གི་འགན་འཁུར་གྱི་ཡོད། ཁོང་གིས“ངས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་འདུ་ཤེས་ཁྲོད་འགྲོ་བ་མིའི་ཐོབ་ཐང་འགན་ལེན་དང་འཕེལ་རྒྱས་འབྲེལ་བ་དམ་ཟབ་ཡོད་པ་ཤེས་རྟོགས་བྱུང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནི་འཕེལ་རྒྱས་ཀྱི་འགག་རྩ་ཡིན་པས་ངས‘རྒྱུད་གཅིག་ལམ་གཅིག’གི་གྲོས་འགོས་ཇི་ལྟར་བྱས་ཏེ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་ལྕགས་ལམ་འགྲིམ་འགྲུལ་སོགས་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་བར་རོགས་རམ་བྱས་ནས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་སྦྲེལ་མཐུད་ཡོང་བ་བྱ་རྒྱུར་དོ་ཁུར་བྱེད་ཀྱི་ཡོད”ཅེས་བརྗོད་པ་རེད།
སུའེ་ཙེར་གྱི་ནུས་རྒྱུ་གསར་པའི་ཀུང་སི་ཞིག་གི་ཏུང་ཧྲི་ཀྲང་ཧྥེ་ལི་ཚི·དབྱི་མེ་ལིས་བརྗོད་དོན་གཙོ་བོའི་ཟུར་ཚོགས་དེར་ཞུགས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཀྲུང་གོ་དང་དེ་བཞིན་འཛམ་གླིང་རྒྱལ་ཁབ་ཁག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་ངོས་ནས་བརྗོད་ན“རྒྱུད་གཅིག་ལམ་གཅིག”ནི་གལ་འགངས་ཧ་ཅང་ཆེན་པོ་རེད་ཅེས་བརྗོད་པ་རེད།