དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཞིང་ལས་ལག་རྩལ་རིགས་གཅིག་མཁས་ཅན་གྱིས་སྣང་རྫོང་གི་སུར་པན་ཐོན་ལས་འཕེལ་རྒྱས་ལ་རོགས་རམ་བྱས།

    སུར་པན་ཐོན་ལས་ལ་བརྟེན་ནས་ཕྱུག་པོའི་ལམ་དུ་བསྐྱོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-23

    ཉེ་ཆར། ཀྲུང་གོ་ཞིང་ལས་ཚན་རིག་ཁང་སྔོ་ཚལ་དང་མེ་ཏོག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཡུས་ཧུང་ཅུན་ཚུད་པའི་རྒྱལ་ཁབ་སྔོ་ཚལ་ཐོན་ལས་ལག་རྩལ་མ་ལག་གི་རིགས་གཅིག་མཁས་ཅན་སྣང་རྫོང་དུང་དཀར་གྲོང་རྡལ་ནོར་གྲོང་ཚོར་བསྐྱོད་དེ་སུར་པན་སྐྱེ་འཚར་ལ་ལྟ་ཞིབ་བྱས། སུར་པན་ཚོད་འདེབས་ཚལ་ཞིང་དུ་སུར་པན་གྱི་སྐྱེ་འཚར་ལེགས་ལ། ལྷག་པར་དུ་ཚལ་ཞིང་ནང་གི་མུའུ་གཉིས་ཀྱི་སྨུག་མདོག་སུར་པན་གྱི་སྐྱེ་འཚར་དེ་བས་ལེགས།

    “དེ་ནི་སྣང་རྫོང་གི་སུར་པན་གྱི་སྣ་ཁ་གཅིག་རེད། སྣང་རྫོང་གི་སུར་པན་ལ་ལོ་100ལྷག་ཙམ་གྱི་ལོ་རྒྱུས་ཡོད། གནམ་གཤིས་དང་ས་རྒྱུའི་ཆ་རྐྱེན་ལེགས་པར་བརྟེན་སུར་པན་སྐྱེ་འཚར་ལེགས་པ་དང་བྲོ་བ་ཡང་ཞིམ་པས་ཉེ་རིང་གང་སར་སྐད་གྲགས་ཡོད”ཅེས་ཡུས་ཧུང་ཅུན་གྱིས་བཤད།

    ལོ་གཉིས་ལྷག་ཙམ་བཏབ་པ་བརྒྱུད། རྭ་ཅོ་འདྲ་བའི་སྣང་རྫོང་གི་སུར་པན་ལ་ས་གནས་ཀྱི་ཁྱད་ཆོས་ལྡན་པ་མ་ཟད། ལ་ལ་ལྗང་ཁུ་དང་ལ་ལ་སྨུག་པོ་ཡིན། “སུར་པན་དེར་འཚོ་བཅུད་Cདང་མེ་ཏོག་གི་སྔོ་རྒྱུ་འདུས་ཚད་སུར་པན་གཞན་དག་ལས་མཐོ་བ་ཡོད”ཅེས་རྒྱལ་ཁབ་སྔོ་ཚལ་མ་ལག་ལྷ་ས་ཚོད་ལྟའི་ས་ཚིགས་ཀྱི་ཀྲན་ཀྲང་དང་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་སྔོ་ཚལ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ལིའུ་ཡུས་ཧུང་གིས་ངོ་སྤྲོད་བྱས།

    རྒྱལ་ཁབ་ཀྱི་གནས་གཏན་འཁེལ་གྱི་རོགས་སྐྱོར་གོ་སྐབས་དམ་འཛིན་བྱས་པ་མ་ཟད། ཀྲུང་གོ་ཞིང་ལས་ཚན་རིག་ཁང་དང་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་དེ་བཞིན་སྣང་རྫོང་གི་རིགས་གཅིག་མཁས་ཅན་བཅས་ཀྱི་རོགས་རམ་འོག་ཚན་ཞིབ་རྣམ་གྲངས་མཉམ་དུ་རེ་ཞུ་དང་། སུར་པན་གྱི་དཔེ་སྟོན་རྟེན་གཞི་མཉམ་སྐྲུན། སུར་པན་ལག་རྩལ་གྱི་ཞབས་ཞུ་ཚོགས་པ་འཛུགས་པ་བཅས་བྱས་ཏེ་སུར་པན་འདེབས་འཛུགས་དོ་དམ་ལག་རྩལ་དང་ཚད་ལྡན་ཅན་གྱི་རྟེན་གཞི་འཛུགས་སྐྲུན་སོགས་ལ་ས་གནས་ས་ཐོག་ཏུ་མཛུབ་ཁྲིད་བྱས་ཏེ་སུར་པན་འདེབས་འཛུགས་ཀྱི་ཚན་རྩལ་འདུས་ཚད་མཐོ་རུ་ཏན་ཏིག་བཏང་བ་རེད།

    ཉེ་བའི་ལོ་ཤས་རིང་། སྣང་རྫོང་གིས《སྣང་རྫོང་གི་སུར་པན་ཐོན་ལས་འཕེལ་རྒྱས་འཆར་འགོད》དང《སྣང་རྫོང་གི་སུར་པན་ཐོན་ལས་ཀྱི་བྱ་དགའི་ཁ་གསབ་མ་དངུལ་གྱི་ལག་བསྟར་ཞིབ་སྲོལ》སོགས་སྔ་རྗེས་སུ་བཟོས་ནས་མང་ཚོགས་ཚོས་ས་ཞིང་ནང་བཤུག་དང་ཚབ་གཉེར་བྱ་རྒྱུའི་ལྕག་སྐུལ་བྱས་ཏེ། ལོར་སུར་པན་སྡོང་རྐང་ཁྲི་5000ཡོད་པའི་སུར་པན་བཟོ་གྲྭ་ཅན་གྱི་མྱུ་གུའི་རྟེན་གཞི་དང་དུང་དཀར་གྲོང་རྡལ་ནོར་གྲོང་ཚོའི་ཞིང་ལས་ཚན་རྩལ་དཔེ་སྟོན་རྟེན་གཞི་བཙུགས་པ་མ་ཟད། ལྗོངས་ཡོངས་ཀྱི་སྔོན་ལ་ཚོད་ལྟ་བྱས་པ་དང་འབྲེལ་ཞིང་ལས་ཐོན་རྫས་རིན་ཐང་འགན་བཅོལ་ཁྱབ་གདལ་བཏང་སྟེ་གཞི་ཁྱོན་ཅན་གྱི་སུར་པན་ཐོན་སྐྱེད་རྟེན་གཞི་གཏོད་ཆེད་རྒྱུན་ཆད་མེད་པར་རྨང་གཞི་བརྟན་དུ་བཏང་ཡོད།

    བསྡོམས་རྩིས་བྱས་པར་གཞིགས་ན། 2022ལོར་སྣང་རྫོང་གིས་སུར་པན་མུའུ་3100བཏབ་པར་ལོའི་ཐོན་ཚད་ཏུན་3400དང་ཐོན་སྐྱེད་རིན་ཐང་སྒོར་ཁྲི་1700ཟིན་པ་མ་ཟད། ཁེ་སྤོགས་སྒོར་ཁྲི1015.9བྱུང་བ་དང་དུད་ཚང་1900ཡི་མི་5500ལ་ཆ་སྙོམས་ཡོང་འབབ་སྒོར་5346བྱུང་ནས་སུར་པན་ལ་བརྟེན་ནས་སྣང་རྫོང་གི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།