བོད་དུ་གནམ་ཐང་གསར་པ་གཉིས་བསྐྲུན་རྩིས་འདུག གནས་ཡུལ་ནི།
མངའ་རིས་ས་ཁུལ་གྱི་སྒེར་རྩེ་དང་ནག་ཆུའི་གནམ་ཐང་གསར་སྐྲུན་ལས་དོན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་ཆེད། ཟླ་9ཚེས་17ཉིན་དང་ཚེས་18ཉིན། དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་དང་དམངས་སྤྱོད་མཁའ་འགྲུལ་གནམ་ཐང་འཛུགས་སྐྲུན་ཚོགས་པ་ལྷོ་ནུབ་ཇུས་འགོད་ཁང་མཉམ་དུ་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་དང་ནག་ཆུ་གྲོང་ཁྱེར་གྱི་གནམ་ཐང་སྐྲུན་ཡུལ་དུ་རྟོག་ཞིབ་ལ་བསྐྱོད་པ་རེད།
སྒེར་རྩེ་རྫོང་།
ས་གནས་ས་ཐོག་ཏུ་རྟོག་ཞིབ་བྱས་པ་བརྒྱུད། མངའ་རིས་སྒེར་རྩེ་གནམ་ཐང་སྐྲུན་ཡུལ་གྱི་མཁའ་དབྱིངས་ཀྱི་ཆ་རྐྱེན་ཡག་པོ་ཡོད་པ་དང་། གནས་ཡུལ་འོས་ཤིང་འཚམ་པ། འགྲིམ་འགྲུལ་སྟབས་བདེ་པོ་བཅས་ཡོད་པ་ལས་ཉིང་ལག་གནམ་ཐང་སྐྲུན་པའི་གཞི་རྩའི་ཆ་རྐྱེན་འཛོམས་ཡོད་པ་རེད།
ནག་ཆུ།
ནག་ཆུ་གྲོང་ཁྱེར་དུ་གནམ་ཐང་སྐྲུན་ཡུལ་གྱི་ས་ཆ་གཉིས་ཡོད་པ་སྟེ་སྟག་གསར་དང་ལྷོ་མ་ཡིན་ཞིང་། ས་གནས་ས་ཐོག་ཏུ་རྟོག་ཞིབ་དང་ཞིབ་བསྡུར་བྱས་པ་བརྒྱུད། ལྷོ་མ་གནམ་ཐང་སྐྲུན་སའི་ས་གནས་དང་། མཁའ་དབྱིངས། ས་རྡོ། ལས་གྲྭའི་འགྲོ་གྲོན་སོགས་འཛུགས་སྐྲུན་གྱི་ཆ་རྐྱེན་དང་། གནམ་ཐང་དུ་སྐྱོད་སའི་ལམ། གློག་དང་ཆུ་མཁོ་འདོན། འཕྲིན་གཏོང་། སྣུམ་མཁོ་འདོན་སོགས་ཀྱི་ལེ་ལག་ཚང་མ་སྟག་གསར་གནམ་ཐང་སྐྲུན་ཡུལ་ལས་ལེགས་པ་ཡོད་པ་རེད།
ནག་ཆུ་གནམ་ཐང་སྐྲུན་སའི་མཐོ་ཚད་དེ་རྒྱུན་གཏན་གྱི་གནམ་ཐང་སྐྲུན་ཡུལ་གྱི་ས་བབ་མཐོ་ཚད(སྨི་4420)ལས་མཐོ་བ་ཡོད་པས། གོམ་སྟབས་རྗེས་མར་དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱིས་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ལ་སྙན་སེང་ཞུས་ནས། ས་བབ་ཧ་ཅང་མཐོ་སར་གནམ་ཐང་བསྐྲུན་རྒྱུའི་ཞིབ་འཇུག་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་འབྲེལ་ཡོད་ཚད་གཞི་བཏོན་ཏེ། གནམ་ཐང་གསར་པ་སྐྲུན་ཡུལ་གཏན་འཁེལ་བྱེད་པར་ཆ་རྐྱེན་བསྐྲུན་རྒྱུ་རེད།
དེ་དང་ཆབས་ཅིག དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ཁུལ་ཅུས་ཀྱིས་ས་གནས་སྲིད་གཞུང་གི་འགན་ནུས་སྡེ་ཚན་དང་འབྲེལ་གཏུག་བྱེད་པར་ཤུགས་སྣོན་བརྒྱབ་ནས། གནས་སྐབས་ཀྱི་གནམ་གཤིས་བརྟག་དཔྱད་ས་ཚིགས་གང་མགྱོགས་སྐྲུན་པ་དང་གནམ་ཐང་གི་དུས་འགོར་མཁོ་བའི་ལེ་ལག་ཚང་བའི་དཔྱད་གཞིའི་ཡིག་ཆ་དུས་ཐོག་ཏུ་འཚོལ་བསྡུ་བྱས་ཏེ། གནམ་ཐང་སྐྲུན་ཡུལ་གཏན་འཁེལ་བྱས་ནས་སྔ་ཙམ་རྒྱལ་ཁབ་དང་དམངས་སྤྱོད་མཁའ་འགྲུལ་གྱི་འབྲེལ་ཡོད་འཆར་འགོད་ནང་འཇུག་རྒྱུའི་བརྩོན་ལེན་བྱེད་རྒྱུ་རེད།