སི་ཁྲོན་དང་། ཁྲུང་ཆིང་། བོད་ལྗོངས་བཅས་ཀྱི་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་སྤེལ་རེས་མཉམ་ལས་བྱེད་སྒོ་བོད་ལྗོངས་སུ་ཐེངས་དང་པོ་སྤེལ་བ།
སི་ཁྲོན་དང་། ཁྲུང་ཆིང་། བོད་བཅས་ཀྱི་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་ཐོན་ཁུངས་མཉམ་སྤྱོད་དང་། ལེགས་ཆ་གསབ་རེས། སློབ་སྦྱོང་མིག་ལྟོས། ཐབས་སྒྱུར་གོང་འཕེལ་བཅས་ལ་སྐུལ་འདེད་གཏོང་ཆེད། ཚེས་19ཉིན་སི་ཁྲོན་དང་། ཁྲུང་ཆིང་། བོད་བཅས་ཀྱི་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་སྤེལ་རེས་མཉམ་ལས་བྱེད་སྒོ་བོད་དུ་ཐེངས་དང་པོ་སྤེལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་དེ་ཁྲེང་ཏུར་བཅའ་སྡོད་ཚོང་དོན་པུའི་ཆེད་མངགས་པའི་དོན་གཅོད་ཁང་དང་བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་གཙོ་གཉེར་བྱས་པ་དང་། ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་དང་སྐྱིད་གྲོང་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་གྱིས་གཉེར་འགན་འཁུར་བ་ཞིག་རེད།
ཞིང་ཆེན་དང་། གྲོང་ཁྱེར། ཆུས་བཅས་ཀྱི་ཚོང་དོན་སྡེ་ཚན་3དང་། རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་5 ལྷ་ས་མཐོ་གསར་ཁུལ། བོད་ལྗོངས་ཡུལ་སྐོར་རིག་གནས་གསར་གཏོད་ཐོན་ལས་གླིང་། ལྷ་ས་ཐོན་ལས་སྤེལ་རེས་པེ་ཅིང་ལྟེ་གནས་དང་ཁྲེང་ཏུའུ་ལྟེ་གནས། དེ་བཞིན་ལྗོངས་ཕྱི་ནང་གི་ཁེ་ལས་46བཅས་བྱེད་སྒོར་ཞུགས་ཡོད།
བརྗོད་དོན་གཙོ་བོའི་སྤེལ་རེས་ཚོགས་འདུ་ཕུད། ཚོགས་ཞུགས་མི་སྣས་ད་དུང་ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ་རྟོག་ཞིབ་དང་བརྟག་ཞིབ་བྱས་པ་དང་། ལྷ་སའི་ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་དང་བོད་ལྗོངས་ཧྲང་ཁྲུའུ་ཐབ་ཆས་ཚན་རྩལ་ཚད་ཡོད་ཀུང་སི་དང་། བོད་ལྗོངས་བདུད་རྩི་བོད་སྨན་ཚད་ཡོད་ཀུང་སི། བོད་ལྗོངས་ཁྲེང་ཧྥ་ལེན་ཧྭ་ནོར་བུ་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སི་བཅས་ཁེ་ལས་3དུ་བསྐྱོད་དེ་འཚམས་འདྲི་བྱས་པ་མ་ཟད། བོད་དུ་ཡོད་པའི་གཙོ་གནད་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་། ཚན་རྩལ་གསར་གཏོད། ཚོང་གཉེར་ཁོར་ཡུག་འཛུགས་སྐྲུན། ཕྱི་ཕྱོགས་མཉམ་ལས་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཀྱང་བྱས་པ་རེད།
ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་བསྟན་འཛིན་ཉི་མས། ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས་གོང་འོག་མཉམ་འགུལ་མཐའ་འཁྱོངས་ཀྱིས་ཐོན་ལས་འཕེལ་རྒྱས་ཀྱི“སྲིད་ཇུས་མཛོད”བེད་སྤྱོད་ཡག་པོ་གཏོང་བ་དང་། གཡས་གཡོན་མཐུན་སྦྱོར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི“སྒུལ་ཤུགས་གཙོ་བོ”གཏོད་པ། ཕྱི་ནང་མཉམ་སྦྱོང་མཐའ་འཁྱོངས་ཀྱིས་སྒོ་དབྱེ་འཕེལ་རྒྱས་ཀྱི“ཟམ་སྣེའི་བཙན་རྫོང”སྐྲུན་པ། གནད་ཁྱོན་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་ཁེ་ལས་ལ་འཕེལ་རྒྱས་གཏོང་རོགས་ཀྱི“སྒྲ་དྲག་ཤོས”སྒྲོག་པ་བཅས་བྱས་ནས་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་གི་ཡིན་ཞེས་བཤད་པ་རེད།
སི་ཁྲོན་དང་། ཁྲུང་ཆིང་། བོད་ལྗོངས་བཅས་ཀྱི་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་སྤེལ་རེས་མཉམ་ལས་ལམ་སྲོལ་ནི་སི་ཁྲོན་དང་། ཁྲུང་ཆིང་། བོད་ལྗོངས་བཅས་ས་གནས་གསུམ་གྱིས་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཐུན་མོང་ཐོག་ཞབས་འདེགས་ཞུ་བ། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོའི་ནང་འཇུག་པ་བཅས་ཀྱི་གཞི་རྟེན་གལ་ཆེན་ཞིག་རེད། དེར་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་འཁོར་རྒྱ་སྐྲུན་པ་མཉམ་སྤྱོད་བྱེད་པའི་ལས་སྟེགས་ཡངས་པོ་ཞིག་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ས་ཁུལ་གསུམ་གྱིས་སི་ཁྲོན་དང་། ཁྲུང་ཆིང་། བོད་ལྗོངས་བཅས་ཀྱི་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐོན་ལས་མཉམ་ལས་མ་ལག་མགྱོགས་མྱུར་བསྐྲུན་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་ནུབ་རྒྱུད་ས་ཁུལ་དུ་དོན་འཁྱོལ་བྱེད་པར་སྔར་བས་སྐུལ་འདེད་གཏོང་རྒྱུ་རེད།