དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • རི་ཀླུང་སྣུམ་ཞག་འཁྱིལ་བའི་ཡུལ་མཆོག་སྐྱིད། དུས་རབས་གསར་པའི་གྲོང་གསེབ་རྣམ་པ་མཛེས།

    ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་བཅར་འདྲིར་བསྐྱོད་པའི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-22

    1985ལོར། རང་རྒྱལ་གྱི་སྙན་གྲགས་ཀྱི་བ་དན་གང་སར་གཡོ་བའི་སྤྱི་ཚོགས་རིག་པ་མཁས་ཅན་སྐུ་ཞབས་ཧྥེ་ཞའོ་ཐུང་གིས་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་དུ་རྟོག་ཞིབ་གནང་སྐབས། ཡུལ་ལུང་དེ་ནི“མཚོ་བོད་ས་མཐོའི་སྐར་ཁུང”དང“བོད་རིགས་ཀྱིས་དེང་རབས་ཅན་མངོན་འགྱུར་བྱེད་པའི་མཆོང་སྟེགས”ཤིག་རེད་ཅེས་གསུངས་པའི་ཆོད་གཏམ་སྔོན་ནས་ཐོས་མྱོང་།

    རྫོགས་ལྡན་སྟོན་གྱི་ནམ་ཟླ་སྟེ། ཉེ་ཆར་ངེད་གསར་འགོད་པ་ཚོས《ཀན་ལྷོའི་ཉིན་རེའི་གསར་འགྱུར》(རྒྱ་བོད་ཡིག)བཏོན་ནས་ལོ་ངོ་70འཁོར་བ་དང་རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གཅིག་པར་ཞུགས་པའི་གོ་སྐབས་དང་བསྟུན་ནས། “ཀན་ལྷོར་དམིགས་ཏེ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། ཚོན་མདངས་རྣམ་པར་བཀྲ་བའི་ཤམ་བྷ་ལར”བཅར་འདྲི་བྱེད་པའི་བྱེད་སྒོར་ཞུགས། རྒྱུས་ལོན་བྱས་པ་ལྟར་ན། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་1953ལོའི་ཟླ་10པར་བཙུགས་ཤིང་། དེ་ནི་རྒྱལ་ཡོངས་ཀྱི་བོད་རིགས་རང་སྐྱོང་ཁུལ་བཅུའི་གྲས་ཤིག་ཡིན་པ་དང་། ས་ཁོངས་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་ཁྲི་ཚོ་4.5ཟིན་ཡོད་པར་འཁོད། ཀན་ལྷོའི་ཁོང་གཏོགས་ལ་གཙོས་དང་བསང་ཆུ། རྨ་ཆུ། ཀླུ་ཆུ། ཐེ་བོ། འབྲུག་ཆུ། ཅོ་ནེ། ལིན་ཐན་བཅས་རྫོང་དང་གྲོང་ཁྱེར་8ཡོད་པར་མི་རིགས་ཁག་33ཙམ་གྱི་རྒྱུན་སྡོད་མི་འབོར་ཁྲི་69.10འཚོ་བཞིན་ཡོད་པ་རེད།

    ཀན་ལྷོའི་ཡུལ་ལུང་ཧྲིལ་པོ་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་ཀྱི་སྐོར་ཐེངས་དང་པོའི་སྐྱེ་ཁམས་དཔལ་ཡོན་གྱི་སྔོན་ཐོན་དཔེ་སྟོན་ཁུལ་དང་། སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་ལས་གྲྭའི་ཚོད་ལྟའི་སྡེ་ཚན་ཡང་ཡིན་ཞིང་། ཁུལ་ཡོངས་རྒྱལ་ཁབ་ཀྱི་ནུས་ཁུལ་གཙོ་བོའི་ནང་བཅུག་ཡོད་སྟབས་90%ཡན་གྱི་རྒྱལ་ཁོངས་ས་ཆ་གསར་སྤེལ་ཚོད་འཛིན་དང་གསར་སྤེལ་གཏན་འགོག་ཁུལ་དུ་གཏན་འཁེལ་བྱས། རྨ་ཆུ་དང་འབྲུག་དཀར་གཙང་པོ། ཀླུ་ཆུ། བསང་ཆུ་བཅས་ཆུ་བོ་བཞི་དང་ཆུ་ཕྲན་120ལྷག་ཙམ་གང་སར་ཁྱབ་པ་དེར“རྨ་ཆུའི་ཆུ་མཛོད”དང“ཀྲུང་ཧྭའི་ཆུ་ལྕོག”ཅེས་གྲགས་པར་ཐོས།

    ཉིན་དེ་དག་གི་རིང་ལ་ཀན་ལྷོའི་གནམ་གཤིས་བསིལ་དྲོད་ཤིན་ཏུ་སྙོམས། ཡིད་འོང་སྤང་ལྗོངས་མུ་མཐའ་ཡངས་ལ་སྔོ་ལྗང་གི་མཛེས་པས་རི་ཀླུང་ཡུག་གཅིག་ཏུ་སྦྲེལ། གཞུང་ལམ་གཡས་གཡོན་གྱི་ནས་ཞིང་ལས་ལོ་ལེགས་སྙེ་མའི་མགོ་ལྕོག་ལྡེམ་ལྡེམ་བྱེད་པ་དང་། རྩྭ་ཐང་དུ་ནོར་ལུག་དཀར་ནག་རང་དགར་རྩྭ་ཆུར་རོལ་བཞིན་འདུག

    ཨ་མཆོག་གྲོང་རྡལ་རྔ་རྒོད་གྲོང་ཚོ་ནི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་ཁོངས་ཀྱི་ལྷོ་རྒྱུད་དུ་གནས་ཤིང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་གཞིར་བཟུང་རྔ་རྒོད་གྲོང་ཚོས་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་དང་ལྟ་ན་སྡུག་པའི་རང་བྱུང་ཁོར་ཡུག་ལ་བརྟེན་ནས། ལྗང་མདོག་འཕེལ་རྒྱས་དང་སྐྱེ་ཁམས་ཡུལ་སྐོར་གྱི་ཕྱུག་འགྱུར་ལམ་བུར་སྐྱོད་བཞིན་མཆིས།

    ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོར་གཅིག་གྱུར་འཆར་བཀོད་བྱས་ནས་བསྐྲུན་པ་བརྒྱུད། རྔ་རྒོད་དམངས་སྲོལ་གྲོང་ཚོའི་ད་ལྟའི་ཡིད་འོང་རྣམ་པ་གྲུབ་ཅིང་། གྲོང་ཚོ་དེས་ལོ་རེར་ཡུལ་སྐོར་བ་མི་ཐེངས་ཁྲི་1.2ལྷག་ཙམ་ལ་སྣེ་ལེན་ཞུས་པར། དུད་ཁྱིམ་རེར་ལོ་རེར་ཡོང་འབབ་སྒོར་ཁྲི་1ནས་3བར་ཡོང་གི་ཡོད་པ་དང་། གྲོང་ཚོ་ཐུན་མོང་ལ་ཡོང་འབབ་སྒོར་ཁྲི་100ཟིན་གྱི་ཡོད། རྔ་རྒོད་གྲོང་ཚོས་སྔ་རྗེས་སུ་དམངས་སྲོལ་གྲོང་ཚོ་དང་། མེ་ཏོག་སྣ་བརྒྱའི་སྤྱི་གླིང་། ཨ་མྱེས་གོང་སྔོན་འབྲོག་ར་དང་འབྲོག་རའི་མགྲོན་ཁང་སོགས་ཁྱད་ལྡན་ཡུལ་སྐོར་ཐོན་ལས་དར་སྤེལ་བཏང་སྟེ། མཛེས་སྡུག་ལྡན་པའི་གྲོང་གསེབ་དར་རྒྱས་ཀྱི་ལམ་བུར་སྐྱོད་བཞིན་ཡོད།

    ཀན་ལྷོ་གཙོས་གྲོང་ཁྱེར་རྒྱ་མཁར་སྲང་ལམ་རྒྱ་ར་འགབ་མ་གྲོང་ཚོ་ནི་ཀན་ལྷོ་གཙོས་གྲོང་ཁྱེར་གྱི་ནུབ་བྱང་གི་ཕྱོགས་སུ་གནས་ཤིང་། གྲོང་ཚོ་ཧྲིལ་པོར་ཁྱོན་དུད་ཁྱིམ་51དང་མི་གྲངས་262ཡོད་པར་བོད་ཁྱིམ་15དང་མི་གྲངས་94ཡོད་པ་དང་། དེ་ནི་ངེས་པ་དོན་གྱི་མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་གྲོང་ཚོ་ཞིག་ཡིན་པར་གྲགས།

    ཉེ་བའི་ལོ་ཤས་རིང་ལ། རྒྱ་ར་འགབ་མ་གྲོང་ཚོས“གནོད་མེད་ལྔའི་ཀན་ལྷོ། བཅུ་ཡོད་ཀྱི་གཞིས་ཁྱིམ”བསྐྲུན་པར་འབད་དེ། གྲོང་ཚོའི་ཕྱི་ནང་དང་དུད་ཁྱིམ་གྱི་ཕྱི་ནང་གི་ཁོར་ཡུག་ལ་གཙང་སྦྲ་བྱེད་པ་དེ་གྲོང་ཚོའི་བྱ་བ་ཡོངས་ཀྱི་ཐོག་མཐའ་བར་གསུམ་ལ་ཁྱབ་པར་བྱས་ནས། གྲོང་ཚོའི་ཁོར་སྲུང་ལྟ་སྐུལ་ཨུ་ཡོན་ལྷན་ཁང་འཛུགས་པ་དང་། ཡུལ་སྲོལ་དམངས་ཆིངས་གཏན་འཁེལ། ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་ལེན་ས་རིས་བྲིས་ཏེ། “རྩ་འཛུགས་འཛུགས་སྐྲུན་ལེགས་པ་དང་། ཡུལ་སྲོལ་དམངས་སྲོལ་ལེགས་པ། སྤྱི་ཕན་ཞབས་ཞུ་ལེགས་པ། དམངས་སྲོལ་རྒྱུན་འཛིན་ལེགས་པ། སྤྱི་ཚོགས་བཅོས་སྐྱོང་ལེགས་པ། མི་རིགས་མཐུན་སྒྲིལ་ལེགས་པ”བཅས“ལེགས་པ་དྲུག”གི་གྲོང་ཚོའི་དམིགས་ཡུལ་མངོན་འགྱུར་བྱུང་ཡོད། ག་ས་གང་དུ་སྙིགས་གཞོང་བཞག་ནས། སྒོ་རའི་ཕྱི་ནང་དབྱེར་མེད་གཙང་མ་གཙང་རྐྱང་ཡིན་པ་རྒྱུན་འཁྱོངས་བྱས་ནས། ཁམས་གཙང་བ་དང་། འབྱོར་ཕྱུག ཡ་རབས། འཆམ་མཐུན་གྱི་ཡུལ་སྐོར་གྲོང་ཚོ་གཙང་མ་ཞིག་ཀུན་གྱི་སྤྱན་སྔར་བསྟར་ཡོད།

    ཤེས་རྟོགས་བྱུང་བར། 2016ལོ་ནས2021ལོའི་བར། ཕྱོགས་ཡོངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་གོ་སྐབས་དང་བསྟུན་ནས། སྔ་རྗེས་སུ་སྐྱེ་ཁམས་དཔལ་ཡོན་ཡུལ་སྐོར་གྲོང་ཚོ་འཛུགས་སྐྲུན་དང་ཁང་རྙིང་སྐྱར་སྐྲུན་སོགས་ཀྱི་ལས་གཞི་ལག་ལེན་བསྟར་བ་དང་། “965356” འཛུགས་སྐྲུན་གྱི་ཚད་གཞི་དང་སྤྱིའི་བླང་བྱ་ལྟར། གྲོང་ཚོའི་གཞུང་ལམ་དང་སྡོད་ཁང་གི་རྣམ་པ་ལེགས་བཅོས། ཆུ་ཁུང་ཆུ་རྐ་འཛུགས་སྐྲུན། སྤྱི་པའི་ཁོར་ཡུག་སྔོ་སྒྱུར། མཉམ་འབྲེལ་དྲ་རྒྱ་ཡོངས་ཁྱབ། རང་བྱུང་སོལ་རླངས་སྦྲེལ་འཐེན་སོགས་ལས་གཞི་དོན་འཁྱོལ་བྱས་པར་རྒྱ་ར་འགབ་མ་ནི་ཁུལ་ཡོངས་ནས་རང་བྱུང་སོལ་རླངས་སྤྱོད་པའི་གྲོང་ཚོ་ཐོག་མར་གྱུར་ཡོད། དེ་ཡང་2020ལོ་ནས་2021ལོའི་བར། “འཆར་འགོད་ཐེངས་གཅིག ཁག་འབྱེད་ནས་འཛུགས་སྐྲུན། ཡུག་སྦྲེལ་འཛུགས་སྐྲུན”གྱི་སྤྱིའི་བསམ་ཕྱོགས་ལྟར། རྒྱ་ར་འགབ་མའི་རྒྱལ་སྒོ་བརྗེ་བ་དང་། གྲོང་ཚོའི་ནང་ཁུལ་སྔོ་སྒྱུར། གྲོང་ཚོའི་དྲན་གསོ་ཁང་དང་། ཡུལ་སྐོར་གསང་སྤྱོད། ཡུལ་སྐོར་བར་དམིགས་པའི་ཁྱིམ་ཚང་མགྲོན་ཁང་། སེར་མདོག་གི་པད་ཁའི་ཞིང་ཁ་སོགས་ཡུལ་སྐོར་ཆེད་ལས་གྲོང་ཚོ་འཛུགས་སྐྲུན་གྱི་རྣམ་གྲངས་ལག་བསྟར་བྱས་པར། དེའི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་3500ལྷག་ཟིན་ཡོད་པ་དང་། དུད་ཁྱིམ་49ཡི་ཁང་ཀླད་དང་། རིག་གནས་ཐང་ཆེན། གསང་སྤྱོད་བཅས་བསྐྱར་སྐྲུན་དང་། གྲོང་ཚོའི་ནང་ཁུལ་སྔོ་སྒྱུར། སྦྲ་གུར་སྒར་ས་དང་། ཚོན་ལྡན་རྒྱ་ལམ། སྨི་2400ལྷག་གི་ཤིང་ལམ། སྨི་2600ཡི་བཙོག་ཆུ་ཕྱིར་འབུད་སྦུག་དྲ་སོགས་བསྐྲུན་པ་བརྒྱུད། ད་ལྟ་ཞིང་གྲོང་འདི་ཉིད་མཛེས་སྡུག་ལྡན་པའི་ཡུལ་སྐོར་ལྗོངས་རྒྱུའི་གྲོང་ཚོ་ཞིག་ཏུ་གྱུར་ནས། ཕྱོགས་བཞིའི་སྐུ་མགྲོན་མང་པོ་མ་བོས་རང་དགར་འཁོར་བཞིན་ཡོད།

    དེང་གི་ཆར། རྒྱ་ར་འགབ་མ་གྲོང་ཚོས་གྲོང་གསེབ་དར་རྒྱས་ཀྱི་གོ་སྐབས་ལ་དམ་འཛིན་བྱས་ཏེ། གྲོང་མཐའི་ཡུལ་སྐོར་གྱི་དགེ་མཚན་དང་གྲོང་གསེབ་ཀྱི་རྩལ་ནུས་ཡོངས་སུ་བཏོན་ནས། གྲོང་གསེབ་དར་རྒྱས་ཀྱི་ལམ་བུ་རྒྱ་ཇེ་ཆེར་གཏོང་བ་དང་མཛེས་སྡུག་ལྡན་པའི་གྲོང་ཚོ་བསྐྲུན་ཏེ། ཁུལ་ཡོངས་ཀྱི་ཡུལ་སྐོར་མིང་བྱང་ལེགས་ཤོས་ཧུར་ཐག་གཏོད་བཞིན་ཡོད།

    དུས་ཡུན་ཉིན་གཉིས་ཀྱི་བཅར་འདྲིའི་བྱེད་སྒོའི་རིང་། གསར་འགོད་པས་སྔ་རྗེས་སུ་ཀན་ལྷོ་བསང་ཆུ་རྫོང་ཨ་མཆོག་གྲོང་རྡལ་ཤུག་ལུང་ཉིན་པ་གྲོང་ཚོ་དང་། ཀླུ་ཆུ་རྫོང་མཚོ་ཉིན་གྲོང་རྡལ་ཀ་ཤུལ་གྲོང་ཚོ། གཙོས་གྲོང་ཁྱེར་མཛོད་དགེ་སྨད་མ་གྲོང་རྡལ་རྔོག་དཀར་གྲོང་ཚོ་སོགས་སུ་བཅར་འདྲིར་བསྐྱོད་དེ། ཡུལ་ལུང་མི་འདྲ་བ་རེ་རེའི་ཉམས་དགའ་བའི་ཕྱི་སྣོད་ཀྱི་ཁོར་ཡུག་དང་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས། དེ་བས་མི་རབས་ནས་མི་རབས་བར་རྩྭ་ཆུར་གཞིགས་ནས་སྐྱས་སྤོས་བྱེད་པའི་འབྲོག་ཁུལ་གྱི་ཤེས་དཔལ་སོགས་ལ་ཉམས་ལེན་བྱས་རྗེས། ལྟ་ན་སྡུག་པའི་ཀན་ལྷོའི་བོད་ཁུལ་འདི་ཉིད་ནི་རི་ཀླུང་སྣུམ་ཞག་འཁྱིལ་བ་དང་། གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་མཛེས་པ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཐུབ་པ་བཅས་ཀྱི་གནས་ཁྱད་པར་བ་ཞིག་ཡིན་པའི་སྣང་བ་འགོག་མེད་དུ་འཆར།

    གསར་འགོད་པ། དཔལ་མཆོག བློ་བསྟན། ཚེ་རིང་ཆོས་སྒྲོན། ཉི་མ་ཚེ་རིང་། བདེ་སྐྱིད་བུ་ཁྲིད། བསྟན་འཛིན་དབང་མོ། ཚེ་རིང་གཡུ་སྒྲོན།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།