དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • རྨ་ཆུའི་སྐྱེ་ཁམས་ཀྱི་རྣམ་པ་གསར་པ།

    —— རྨ་ཆུའི་ངོགས་ཀྱི་ཆུ་སྲུང་སྐྱོང་སྐོར་གྱི་མཐོང་ཐོས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-09-21

    རྨ་ཆུ་ནི་བ་ཡན་ཧ་རིའི་གངས་འཁྱགས་བཞུར་ཏེ་ཆུ་ཕྲན་མང་པོ་བསགས་ནས་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུ་བརྒྱུད་དེ་ཀྲུང་ཧྭ་ཤེས་དཔལ་ལ་གསོ་བཅུད་སྦྱིན་བཞིན་ཡོད། “ཐུན་མོང་ཐོག་སྲུང་སྐྱོང་ཆེ་མོ་དམ་འཛིན་ཡག་པོ་བྱས་ནས་བཅོས་སྐྱོང་ཆེ་མོར་མཐུན་སྦྱོར་སྐུལ་འདེད་གཏོང་བའི”འདུ་ཤེས་ཀྱི་སྣེ་ཁྲིད་འོག རྨ་ཆུའི“ཆུ་བཅོས་པ”མི་རབས་གསར་པས་འབད་བརྩོན་ལྷོད་མེད་ཀྱིས་སྐྱེ་ཁམས་སླར་གསོ་དང་། ཆུ་སྤུས་མཐོར་གཏོང་། ཆུ་བེད་སྤྱོད་ལུགས་མཐུན་བཅས་བྱས་པས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་རྣམ་པ་ཞིག་རྨ་ཆུའི་ངོགས་སུ་དལ་བུར་མངོན་བཞིན་ཡོད།

    ཆུའི་སྐྱེ་ཁམས། རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་བརྩི་འཇོག་བྱས་པ།

    སྟོན་དུས་སུ་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་སྟོད་རྫོང་གི་ཝ་གཞུང་མཚོ་ཁྲའི་ངོགས་སུ་ལངས་ནས་སྡོད་སྐབས་གྲངས་ལས་འདས་པའི་མཚོ་མོ་དག་ནམ་མཁའི་སྐར་ཚོམ་ས་ལ་འཕོས་པ་དང་འདྲ།

    ཞོགས་པ་སྔ་པོ་ནས་རྨ་སྟོད་རྫོང་རྨ་ཁྲ་ལི་གྲོང་རྡལ་དགའ་ལྡན་གྲོང་ཚོའི་སྐྱེ་ཁམས་བདག་སྐྱོང་བ་མཐུན་བདེ་ཡིས་གསར་འགོད་པ་ཁྲིད་དེ་ཝ་གཞུང་མཚོ་ཁྲར་སྐོར་གཡེང་བྱེད་པའི་ལམ་དུ་བསྐྱོད། ཁོང་ཁྱིམ་མི་རབས་ནས་མི་རབས་བར་ཕྱུགས་འཚོས་ནས་འཚོ་བ་སྐྱེལ་གྱི་ཡོད་པས་རྩྭ་ཐང་གི་སྐྱེ་ཁམས་འགྱུར་ལྡོག་ལ་མིག་མཐོང་ལག་ཟིན་བྱུང་ཡོད། ལོ་20ལྷག་ཙམ་གོང་ཕྱུགས་རིགས་ཡུན་རིང་ཚད་ལས་བརྒལ་ནས་འཚོས་པར་བརྟེན། རྨ་སྟོད་འདི་ཉིད་རྩྭ་ཆུ་བཟང་བའི་ཡུལ་ཞིག་ནས་ཉམས་ཆག་ཆེན་པོ་བྱུང་སྟེ། འབྲོག་པའི་ཡོང་འབབ་དེ་བས་ཀྱང་ཉུང་དུ་ཕྱིན་ཡོད།

    ཉེ་བའི་ལོ་ཤས་རིང་། རྨ་སྟོད་རྫོང་གིས“རྩྭ་ཐང་ལ་གཞིགས་ནས་ཕྱུགས་རིགས་གཏན་འཁེལ་བྱེད་པའི”སྲིད་ཇུས་ལག་ལེན་བསྟར་ཏེ། ཚན་རིག་དང་མཐུན་པའི་ངང་རྩྭ་ཐང་བེད་སྤྱོད་ལུགས་མཐུན་བྱས་ནས་དེང་རབས་སྐྱེ་ཁམས་རྩྭ་ཐང་འབྲོག་ལས་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱས་ཤིང་། འབྲོག་པ་མང་པོ་ཞིག་དང་འདྲ་བར་མཐུན་བདེས་ཕྱུགས་འཚོ་མཚམས་བཞག་པ་དང་། ད་ཆ་ཁོང་གི་ལས་ཀ་ནི་གད་སྙིགས་སྒྲུག་པ་དང་། མཚོ་མོ་དང་རྩྭ་ཐང་ལ་སྐོར་སྲུང་བྱེད་པ། རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱེད་པ་བཅས་རེད།

    ཧྥུན་ཧོ་ཆུ་བོ་ཧྲན་ཤིས་ཞིང་ཆེན་དབན་རུང་དུམ་བུ་ནི་ཧྥུན་ཧོ་ཆུ་བོ་རྨ་ཆུར་འདྲེས་པའི་ཆེས་མཇུག་མཐའི་འགག་སྒོ་ཞིག་རེད།

    ཧྥུན་ཧོ་ཆུ་བོ་ནི་རྨ་ཆུའི་ཡན་ལག་ཆུ་བོ་གཉིས་པ་ཡིན་པ་དང་། རྨ་ཆུའི་དབུས་སྨད་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་ལ་ཤུགས་རྐྱེན་ཆེན་པོ་ལྡན་ཡོད། ད་ཆ་ཧྥུན་ཧོ་ཆུ་བོའི་དབན་རུང་དུམ་བུར་སྐྱོད་སྐབས་ཆུ་འགྲམ་གྱི་གྱེན་ངོས་སུ་ཁུང་བུ་ཕུག་ཡོད་པ་དང་ཁུང་བུའི་ནང་དུ་རྩི་ཤིང་ཙེ་སུའེ་ཧེའི་ལ་བཏབ་པ་མཐོང་རྒྱུ་ཡོད།

    དབན་རུང་རྫོང་ཆུ་བེད་ཅུས་ཀྱི་ལས་དོན་མི་སྣ་ཤེ་ཞའོ་པིན་གྱིས“ཁུང་བུ་དེ་ལྟ་བུ་དབན་རུང་གི་ཧྥུན་ཧོ་ཆུ་བོའི་གཡོན་ངོགས་སུ་ཁྲི་400ལྷག་ཙམ་འབིགས་ཡོད། རྩི་ཤིང་ཙེ་སུའེ་ཧེའི་ལ་བྱེ་འགོག་དང་རླུང་འགོག་གི་ནུས་པ་ལྡན་པས་དེ་ནི་རགས་བརྟན་རགས་སྲུང་གི“ངར་ལྕགས”ལྟ་བུ་རེད། རྩི་ཤིང་ཙེ་སུའེ་ཧེའི་ལ་ཁྲི་400ལྷག་ཙམ་ཆུ་འགྲམ་དུ་གཞི་ཚུགས་ནས་ཧྥུན་ཧོ་ཆུ་བོའི་དབན་རུང་དུམ་བུར་མཛེས་སྡུག་ལྡན་པའི་སྐྱེ་ཁམས་སྲུང་བཅད་ཅིག་བསྐྲུན་ཡོད”ཅེས་བཤད།

    ཧྲན་ཏུང་ཞིང་ཆེན་གྱི་གཙོ་གནད་གཙང་པོ་དང་མཚེའུའི་སྐྱེ་ཁམས་བརྟག་དཔྱད་རྣམ་གྲངས་ཚོགས་ཆུང་གི་ཞིབ་འཇུག་མི་སྣ་ལེང་ཅིན་ཧུའེ་དང་ལས་རོགས་ཀྱིས་རྨ་ཆུའི་ངོགས་སུ་དངོས་དཔེ་ལེན་བཞིན་ཡོད། རྨ་ཆུའི་ཆུ་དང་། དིམ་བསགས་དངོས་རྫས། སྐྱེ་འཕེལ་ཆུ་རྩྭའི་རིགས་སོགས་མ་དཔེ་རེ་རེ་བཞིན་ཞིབ་ཚགས་ངང་སྣོད་ཆས་ནང་བླུགས།

    ལེང་ཅིན་ཧུའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཕྱིས་སུ་མ་དཔེར་ཞིབ་དཔྱད་ཚད་ལེན་དང་དབྱེ་ཞིབ་བྱས་པ་བརྒྱུད། རྨ་ཆུའི་ངོགས་ཀྱི་གནས་40ནས་བླངས་པའི་དངོས་དཔེ་དག་དམིགས་ཚད་85ཚུད་པའི“གཟུགས་པོའི་བརྟག་དཔྱད་སྙན་ཞུ”ཞིག་ཆགས་ནས་རྨ་ཆུའི་ཆུ་སྐྱེས་སྐྱེ་དངོས་ཀྱི་དངོས་རིགས་བརྗེ་རེས་དང་རིམ་འགྱུར་འགུལ་རྣམ་ཐོ་འགོད་ལ་མཐོང་ཐོས་མྱོང་གྲུབ་ཀྱི་དཔྱད་གཞི་མཁོ་འདོན་བྱ་རྒྱུ་རེད།

    སྐྱེ་ཁམས་སྲུང་སྐྱོང་ནི་མིག་མངས་འགྲིག་སྐོར་གཅིག་ལྟར་ཡིན་པ་དང་རྨ་ཆུའི་སྟོད་དབུས་སྨད་གསུམ་གྱི་སྐྱེ་ཁམས་ཁོར་ཡུག་ལ་སོ་སོའི་ཁྱད་ཆོས་ལྡན་ཡོད་པས་རང་སོ་སོའི་ལེགས་ཆ་བཏོན་ནས་སྐྱེ་ཁམས་མཉམ་འགུལ་བཅོས་སྐྱོང་གི་ཕན་འབྲས་འདོན་སྤེལ་བྱེད་ཀྱི་ཡོད།

    ཆུའི་ཁོར་ཡུག སྙིང་རུས་གཏན་འཁྱོངས་ཀྱིས་མ་ལག་བཅོས་སྐྱོང་བྱས་པ།

    ཉིང་ཞ་ཀྲུང་ཝུའེ་གྲོང་ཁྱེར་ཧྲ་ཕོ་ཐོའུ་ཆུས་ནི་རྨ་ཆུ་ཉིང་ཞ་རུ་རྒྱུག་པའི་ས་ཚིགས་དང་པོ་དེ་ཡིན།

    ཉེ་བའི་ལོ་ཤས་རིང་། ཉིང་ཞ་ཡིས་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་གཙོ་གནད་ཐོག་རྨ་ཆུ་རྒྱུག་སའི་ཆུ་འབུད་ཡུར་བུ་གཙང་སེལ་དང་མིས་བཟོས་འདམ་ར་འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས་ལག་ལེན་བསྟར་ཡོད།

    ཆུའི་ཁོར་ཡུག་བཅོས་སྐྱོང་ཐད་གྲོང་གསེབ་ནས་བྱུང་བའི་སྦགས་བཙོག་ཙམ་གྱིས་མི་ཚད་པར། ཉེ་བའི་ལོ་ཤས་ནང་གྲོང་ཁྱེར་གྱི་སྦགས་བཙོག་བཅོས་སྐྱོང་ཐད་ལའང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

    ཉེ་བའི་ལོ་ཤས་རིང་ཟི་ལིང་གྲོང་ཁྱེར་གྱིས་ཆུ་བོའི་ངོགས་ཀྱི་གྲོང་ཁྱེར་དོ་དམ་གྱི་མདོང་ལམ་སྒྱུར་བཀོད་དང་། བཙོག་ཆུ་བསྡུ་རུབ་གཙང་གསིང་། ཆུ་ལམ་ལེགས་བཅོས། སྐྱེ་དངོས་ཕྲ་རབ་གཙང་འགྱུར། ཆུ་སྐྱེས་སྐྱེ་དངོས་བཀོད་སྒྲིག་སོགས་ཀྱི་བྱ་ཐབས་བརྒྱུད་ཆུ་སྤུས་ལེགས་སུ་བཏང་ཡོད། ཆུ་ངོགས་སྒྱུར་བཀོད་དང་། སྒྲིག་བཀོད་བཟོ་བཅོས་དང་མཛེས་བཟོ། འདམ་རའི་སྐྱེ་ཁམས་སླར་གསོ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཆུ་ངོགས་ཀྱི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་བཏང་བས་མི་དང་། བྱ་རིགས། ཉ་རིགས་བཅས་ཞི་མཐུན་མཉམ་གནས་ཀྱི་མཛེས་ལྗོངས་ཤིག་སླར་ཡང་མངོན་ཡོད།

    ཆུའི་ཐོན་ཁུངས། ཆུ་གྲོན་ཆུང་དང་ཆུ་འདྲེན་གཉིས་ཀར་སྤྱི་འདོམས་ལྟ་རྟོག་བྱས་པ།

    སྟོན་ཟླ་ར་བར་ཉིང་ཞའི་ས་རྒོད་གསར་སྦོལ་མདུན་སྐྱོད་ཞིང་རར་མུའུ་ཁྲི་ཁ་ཤས་ཀྱི་ས་ཞིང་ལ་སྔོ་ལྗང་གིས་བརྒྱན་ནས་གཞན་དང་མི་འདྲ་བའི་རྣམ་པ་ཞིག་མངོན། ས་ཞིང་ལ་ཚད་གཞི་མཐོ་བའི་སྒྱུར་བཀོད་དང་རིག་ནུས་ཅན་གྱི་ཆུ་འདྲེན་ལག་རྩལ་སྤྱད་པ་བརྒྱུད། དེ་གར་མུའུ་རེ་ནས་ཆུ་ཕྱེད་ཀ་ཡན་གྲོན་ཆུང་ཐུབ་ཀྱི་ཡོད། ཆེད་གཏོགས་ཉོ་ཚོང་ལས་སྟེགས་ཐོག་ཞིང་རའི་ནང་གྲོན་ཆུང་ཐུབ་ནས་ལྷག་པའི་ཆུ་སྨི་རྒྱ་དཔངས་གྲུ་བཞི་ཁྲི་600ལྷག་ཙམ་ཆུ་དཀོན་པའི་ཁེ་ལས་གཉིས་ཀྱིས་ཉོས་ནས་ཐོན་སྐྱེད་འགན་ལེན་བྱ་རྒྱུར་སྤྱད་ཡོད།

    ནུབ་བྱང་དུ་གནས་པ་དང་ཐན་པ་བསྟན་ཞིང་། ཆར་ཆུ་ཉུང་བའི་ཉིང་ཞ་རུ་འཕེལ་རྒྱས་གཏོང་བར་རྨ་ཆུའི་ཆུ་ལ་བརྟེན་དགོས། དེ་སྔ་ཕྱོགས་གཅིག་ནས་ཆུ་དཀོན་པ་དང་ཕྱོགས་གཞན་ཞིག་ནས་ཤ་འོད་རྒྱུག་པའི་དཀའ་ངལ་འཕྲད་མྱོང་ཡོད།

    ཉིང་ཞ་ཡི་ཆུའི་ཐོན་ཁུངས་བེད་སྤྱོད་ནི་རྨ་ཆུ་རྒྱུག་ཁུལ་གྱི་བསྡུས་རིས་ཤིག་ཡིན་པ་དང་། རྨ་ཆུས་རྒྱལ་ཡོངས་ཀྱི་ཆུ་བོའི་བཞུར་རྒྱུན་གྱི་2%བཟུང་ནས་རྒྱལ་ཡོངས་ཀྱི་མི་འབོར་12%དང་རྨོ་ཞིང་17%གྱི་ཆུ་སྤྱོད་དགོས་མཁོར་འདེགས་སྐྱོར་བྱེད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་ཆུ་དབང་དང་ཆུ་རིན་ལ་སྒྱུར་བཅོས་རབ་དང་རིམ་པ་བྱས་པའི་རྨང་གཞིའི་ཐོག་2021ལོ་ནས་བཟུང་ཉིང་ཞ་ཡིས་རྨ་ཆུའི་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུའི་སྔོན་དུ་ཆུ་སྤྱོད་དབང་ཆར་སྒྱུར་བཅོས་འཚོལ་ཞིབ་བྱས་ཡོད།

    “ད་ཆ་ཆུ་ནི་རྒྱུ་ནོར་ཞིག་ཡིན་པའི་ངོས་ནས་ཉོ་ཚོང་སྟེགས་བུའི་ཐོག་རིན་ཐང་ཧ་ཅང་ཆེན་པོ་ལྡན་ཞིང་། བཟོ་ལས་ཁེ་ལས་དང་ཆུ་སྤྱོད་དུད་ཆེན་གྱིས་ཆེད་མངགས་ཆུའི་ཁྲོམ་ར་ནས་ཆུ་སྤྱོད་དབང་ཆ་ཉོས་ཏེ་རྣམ་གྲངས་གསར་སྐྲུན་དང་གཞི་ཁྱོན་ཆེ་རུ་གཏོང་རྒྱུར་སྤྱོད་ཀྱི་ཡོད།

    རྨ་ཆུའི་ཟུར་གསུམ་གླིང་གི་ངོས་ནས་བརྗོད་ན། ཆུ་དཀོན་པ་ནི་གནད་དོན་ཆེན་པོ་ཞིག་རེད། དེ་སྔ་རྨ་ཆུའི་ཟུར་གསུམ་གླིང་གི་འདམ་རར་ཆུ་གསབ་རྒྱུ་དེ་རྨ་ཆུའི་ཆུ་འདྲེན་བྱེ་འདྲེན་རིང་གི་རང་འབབ་ཆུ་ཁོ་ནར་བརྟེན་དགོས་ཀྱི་ཡོད།

    ཉེ་བའི་ལོ་ཤས་རིང་། རྨ་ཆུའི་ཟུར་གསུམ་གླིང་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱིས“འདྲེན། གཏོང་། གསོག འབུད”

    བཅས་ཚན་རིག་དང་མཐུན་པའི་སྐྱེ་ཁམས་ཆུ་གསབ་མ་ལག་བསྐྲུན་པ་དང་དུས་མཚུངས“གཙང་པོ་དང་། སྐམ་ས། གྲམ་ཐང་། མཚོ་མོ”བཅས་ཀྱི་འབྲེལ་མཐུད་མ་ལག་ཧུར་ཐག་བཏོད་ནས་ཆུ་རྒྱུན་སྤྱི་ལེ་115འབྲེལ་མཐུད་དང་རླབས་ཤུར་སྤྱི་ལེ་76བཤངས་ནས་རྨ་ཆུ་དང་རྒྱ་མཚོའི་ཆུ་དཔྱད་འབྲེལ་མཐུད་སླར་གསོ་བྱུང་ཞིང་། དེ་སྔའི་མྱ་ངམ་ཐང་དང་བ་ཚྭའི་ས་ཆ་དག་རྩྭ་ཆུ་བཟང་བ་དང་སྐྱེ་དངོས་སྣ་ཁ་མང་བའི་འདམ་ར་ཆེན་པོ་ཞིག་ཏུ་གྱུར་ཡོད།

    ལོ་རྒྱུས་རིང་མོའི་ཁྲོད་ཤང་ཤང་དུ་རྒྱུག་པའི་རྨ་ཆུ་སྔོན་མོས་མི་རབས་ནས་མི་རབས་བར་གྱི་ཕ་ཚ་བུ་རྒྱུད་གསོས་པ་རེད། ད་ཆ་རྨ་ཆུའི་ངོགས་ཀྱི་ས་ཆ་ཁག་གི་མང་ཚོགས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པའི་ཁྲིད་སྟོན་འོག་རྨ་ཆུ་སྲུང་སྐྱོང་གི་ལམ་བུ་མུ་མཐུད་འཚོལ་ཞིབ་བྱས་ནས་རྨ་ཆུ་རྒྱུག་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བཞིན་ཡོད།

    “རྨ་ཆུའི་ཆུ་གསོག་རྫིང་བུའི”སྲུང་སྐྱོང་བ།


    འདི་ནི་ཀན་སུའུ་མཚོ་ཉིན་རྫས་ཚ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་བདག་སྐྱོང་ལྟེ་གནས་མཚོ་ཉིན་སྲུང་སྐྱོང་ས་ཚིགས་ཀྱི་ཀྲན་ཀྲང་དབང་མོ་སྐྱིད(གཡོན་གྱི་གཉིས་པ)དང་ལས་རོགས་ཚོས་སྲུང་སྐྱོང་ཁུལ་དུ་སྐོར་གཡེང་སྲུང་སྐྱོང་བྱེད་བཞིན་པ།(ཟླ་7ཚེས་7ཉིན་པར་བླངས)

    འདི་ནི་ཀན་སུའུ་མཚོ་ཉིན་རྫས་ཚ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མཚོ་ཉིན་འདམ་ར་ནས་པར་བླངས་པའི་ཁྲུང་ཁྲུང་མགོ་ཁྲ་ཡིན་པ།(ཟླ་7ཚེས་7ཉིན་པར་བླངས)

    ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ནི་རྨ་ཆུ་དང་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་རྩ་གསོ་ཁུལ་གལ་ཆེན་ཞིག་ཡིན་པ་དང་འཛམ་གླིང་ཐོག་ཉར་ཚགས་ཆ་ཚང་ཤོས་དང་སྐྱེ་ཁམས་ནུས་པ་འཐུས་སྒོ་ཚང་ཤོས་ཀྱི་འདམ་རའི་གྲས་ཤིག་རེད། དེའི་ཁོངས་སུ་རྨ་ཆུ་དང་། ཀླུ་ཆུ། བསང་ཆུ། འབྲུག་དཀར་གཙང་པོ་སོགས་ཡན་ལག་ཆུ་བོ་120ལྷག་ཙམ་ཡོད་པའི་ནང་རྨ་ཆུས་ཀན་ལྷོའི་རྒྱུད་དུ་སྤྱི་ལེ་433རྒྱུག་པ་དང་། རྨ་ཆུའི་རྒྱུག་ཁུལ་གྱི་5%ཡང་ཟིན་གྱི་མེད་པའི་རྒྱུག་ཁོངས་རྒྱ་ཁྱོན་དེར་རྨ་ཆུའི་རྒྱུག་ཁུལ་གྱི་20%ཡི་ཆུའི་ཐོན་ཁུངས་ཡོད་པ་མ་ཟད། རྨ་ཆུའི་དབུས་སྨད་རྒྱུག་ཁུལ་གྱི་40%ཡན་གྱི་བཞུར་རྒྱུན་ཡང་དེ་ནས་རྒྱུག་གི་ཡོད་པས། “རྨ་ཆུའི་ཆུ་གསོག་རྫིང་བུ”ཞེས་འབོད་ཀྱི་ཡོད།

    གལ་འགངས་ཆེ་བའི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་དེ་བས་ལེགས་པའི་སྒོ་ནས་སྲུང་སྐྱོང་བྱ་ཆེད། ཀན་ལྷོའི་ས་ཁོངས་ནང་གི་ཀན་སུའུ་མཚོ་ཉིན་རྫས་ཚ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་ཀན་སུའུ་རྨ་ཆུའི་ཆུ་འགོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་སོགས་སྲུང་སྐྱོང་ཁུལ་གྱི་དོ་དམ་སྲུང་སྐྱོང་ས་ཚིགས་ནང་ལས་དོན་མི་སྣས་ཁག་བགོས་ལས་རེས་བྱས་ནས་ལོ་ཧྲིལ་པོར་འདམ་ར་དང་རྩྭ་ཐང་གི་དབུས་སུ་སྐོར་སྲུང་དང་། རྨས་སྐྱོན་ཕོག་པའི་སྲོག་ཆགས་སྐྱོབ་རོགས། རྩྭ་ར་ཞན་འགྱུར་གསབ་འདེབས། ཕྱུགས་བཀག་དྲིལ་བསྒྲགས་བཅས་བྱས་པ་མ་ཟད། ད་དུང་དམར་ཕྱིའི་པར་ཆས་སྤྱད་དེ་རི་སྐྱེས་སྲོག་ཆགས་ཀྱི་རིགས་དང་འཚོ་གནས་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱས་ནས་ས་མཐོའི་ཐོག་རི་སྐྱེས་སྲོག་ཆགས་འཚོ་གནས་ཡག་པོ་ཡོང་བ་དང་རི་སྐྱེས་རྩི་ཤིང་སྐྱེ་འཚར་ཡག་པོ་ཡོང་བར་སྲུང་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།