ཧན་ཀྲེང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་དང་ཨ་རིའི་རྒྱལ་དོན་བློན་ཆེན་དང་མཇལ་འཛོམས་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ་9ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་18ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་ཉིའུ་གཡོད་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ལ་ཞུགས་རིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུའུ་ཐེ་ལེ་སི་དང་ཨ་རིའི་རྒྱལ་དོན་བློན་ཆེན་པུའུ་ལིན་ཁེན་ཁག་སོ་སོ་དང་མཇལ་འཛོམས་གནང་བ་རེད།
ཀུའུ་ཐེ་ལེ་སི་དང་མཇལ་འཛོམས་གནང་སྐབས། ཧན་ཀྲེང་གིས་དེང་སྐབས་འཛམ་གླིང་ལ་ལོ་བརྒྱའི་ནང་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་པས། བརྟན་ལྷིང་དང་གཏན་འཁེལ་མེད་པའི་རྒྱུ་རྐྱེན་སྣ་ཚོགས་མཉམ་དུ་གནས་ཡོད། རྒྱལ་སྤྱིའི་དུས་བབ་ཇི་ཙམ་རྙོག་འཛིང་དང་ཛ་དྲག་ཆེ་ན། དེ་ཙམ་གྱིས་ཕྱོགས་མང་རིང་ལུགས་ངོ་མ་མཐའ་འཁྱོངས་བྱེད་དགོས་ལ། དེ་ཙམ་གྱིས་སྟོབས་དང་ལྡན་པའི་མཉམ་འབྲེལ་རྒྱལ་ཚོགས་ཤིག་ཡོད་དགོས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་འཛུགས་པ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕུགས་བསམ་དང་དམིགས་ཚད་དང་ཚད་མཐོའི་གཅིག་གྱུར་བྱུང་བར་བརྟེན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁས་ལེན་རྒྱ་ཁྱབ་དང་རྒྱབ་སྐྱོར་ཧུར་ཐག་ཐོབ་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་ཞི་བདེ་བསྐྲུན་མཁན་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་མཁན་བཅས་བྱས་ནས་རྒྱལ་སྤྱིའི་ལས་དོན་ཁྲོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟེ་བའི་ནུས་པ་འདོན་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
ཀུའུ་ཐེ་ལེ་སིས་ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་གཞག་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གྲོས་འགོ་གལ་ཆེན་ལ་བསྔགས་བརྗོད་ཆེན་པོ་གནང་བ་མ་ཟད། ཀྲུང་གོས་འཛམ་གླིང་ཡང་དག་པའི་ཕྱོགས་སུ་མདུན་སྐྱོད་བྱ་རྒྱུར་སྣེ་ཁྲིད་ཐུབ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།
པུའུ་ལིན་ཁེན་དང་མཇལ་འཛོམས་གནང་སྐབས། ཧན་ཀྲེང་གིས་སྐྱོན་བྲལ་དང་བརྟན་ལྷིང་གི་ཀྲུང་ཨའི་འབྲེལ་བ་དེ་རྒྱལ་ཁབ་གཉིས་པོར་ཕན་ཐོགས་ཡོད་ལ། འཛམ་གླིང་ལའང་ཕན་ཐོགས་ཡོད། ཀྲུང་གོའི་འཕེལ་རྒྱས་དེ་ཨ་རིའི་ངོས་ནས་བརྗོད་ན་གོ་སྐབས་ཤིག་ཡིན་པ་ལས། འགྲན་སློང་ཞིག་མིན་པ་དང་། ཕན་ཐོགས་ཡོད་པ་ཞིག་ལས། ཉེན་ཁ་ཞིག་མིན། ཕྱོགས་གཉིས་པོས་ཕན་ཚུན་གྲུབ་འབྲས་ཐོབ་པ་དང་ཐུན་མོང་ཐོག་དར་རྒྱས་ཡོང་བ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨ་རིར་འཛིན་པའི་སྲིད་ཇུས་ཐད་རྒྱུན་མཐུད་རང་བཞིན་དང་བརྟན་པོའི་རང་བཞིན་རྒྱུན་འཁྱོངས་བྱེད་པ་མ་ཟད། ཐོག་མཐའ་བར་གསུམ་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་གཉིས་ཕན་བཅས་ཀྱི་རྩ་དོན་གསུམ་ལ་གཞིགས་ནས་ཀྲུང་ཨའི་འབྲེལ་བར་ལྟ་སྟངས་འཛིན་པ་དང་ཐག་གཅོད་བྱེད་ཀྱི་ཡོད། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་བློ་ཁ་གཅིག་མཐུན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་གཙོ་བདག་པཱ་ལི་གླིང་ཕྲན་དུ་ཞལ་འཛོམས་གནང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱེད་པ་དང་། བྱ་སྤྱོད་དངོས་སྤེལ་བ། མཐུན་རྐྱེན་གཏོད་པ་བཅས་བྱས་ནས་ཕན་ཚུན་ཡིད་ཆེས་དང་གཉིས་ཕན་མཉམ་ལས་ཟབ་ཏུ་གཏོང་བའི་བྱ་བ་མང་ཙམ་སྒྲུབ་པ་དང་ཀྲུང་ཨའི་འབྲེལ་བ་སླར་ཡང་སྐྱོན་བྲལ་དང་བརྟན་པའི་བགྲོད་ལམ་དུ་སྐྱོད་པར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་པོར་ཕན་འདོགས་པ་དང་འཛམ་གླིང་ལ་བདེ་སྐྱིད་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
པུའུ་ལིན་ཁེན་གྱིས་ཨ་རི་ཕྱོགས་ཀྱིས་ཀྲུང་གོར་གྲུབ་འབྲས་ཐོབ་རྒྱུའི་རེ་བ་བྱེད་པ་དང་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་མུ་མཐུད་སྐུལ་འདེད་གཏོང་རྒྱུ་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་། མི་མཐུན་པའི་ཆ་དོ་དམ་ཚོད་འཛིན་བྱེད་པ། མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཨ་ཀྲུང་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།