མཐའ་མཚམས་གཡུ་ཡི་གཞོང་པ་རུ། སློབ་གསོའི་མེ་ཏོག་རབ་ཏུ་བཞད།
—— ཇོ་མོ་གླང་མའི་འདབས་སུ་ཆགས་པའི་དིང་རི་རྫོང་བཀྲ་ཤིས་འཛོམས་ཤང་ཆ་ཚང་སློབ་ཆུང་གི་སྐོར་བཀོད་པ།
འདི་ནི་བཀྲ་ཤིས་འཛོམས་ཤང་སློབ་ཆུང་གི་སློབ་མས་རྒྱལ་དར་སྒྲེང་བཞིན་པ།
དིང་རི་རྫོང་གྲོང་ནས་ཕ་དྲུག་གམ་བཀྲ་ཤིས་འཛོམས་ཤང་དུ་སྐྱོད་སའི་རྒྱའུ་ལའི་གཞུང་ལམ་ནི་གྱ་མ་གྱུ་སྦྲུལ་གཟུགས་ལྟ་བུར་སྣང་ཞིང་། ལྗོངས་གཟིགས་སྒང་ནས་ཇོ་མོ་གླང་མར་རྒྱང་ལྟ་བྱེད་དུས། རབ་དཀར་གངས་ཀྱི་ཅོད་པན་བཞེས་པའི་རི་རྒྱལ་ལྷུན་པོ་ཇོ་མོ་གླང་མའི་རྩེ་མོ་མཁའ་ལ་ཟུག་པ་ལྟར་ཅི་འདྲའི་བརྗིད་ཉམས་དོད་པ་ལ་ཨང་།
ལོ་བཅུ་ལྷག་ཙམ་གྱི་གོང་དུ། གསར་འགོད་པ་ཐོག་མར་བཀྲ་ཤིས་འཛོམས་ཤང་དུ་འབྱོར་དུས། རྒྱའུ་ལར་སྣུམ་ནག་གཞུང་ལམ་ཤར་གཏོང་ཐུབ་མེད་པས། སེག་མའི་ལམ་དུ་རླངས་འཁོར་ཕར་འགྲོ་ཚུར་འོང་བྱེད་ཐེངས་རེར། རི་ཀླུང་རྡུལ་གྱིས་ཁེངས་པ་མ་ཟད། གསེར་ལས་དཀོན་པའི་དུས་ཚོད་མང་པོ་ལམ་བར་གྱི་ངལ་དུབ་ཁྲོད་དུ་ཟད་འགྲོ་གི་ཡོད། ལྷག་པར་དུ་བཀྲ་ཤིས་འཛོམས་ཤང་དུ་ལས་ཁུངས་འགའ་ཤས་ཕུད། གུ་དོག་པའི་སྲང་ལམ་གྱི་གཡས་གཡོན་དུ་སྡོད་ཁང་ངོ་དྲག་པ་ཐར་ཐོར་ལས་མེད། ཇོ་མོ་གླང་མའི་གྲོང་རྡལ་བསྐྲུན་པ་ནས་བཟུང་། གནས་འདིར་མགྲོན་ཁང་དང་། ཟ་ཁང་། ཚོང་ཁང་སོགས་ཆར་རྗེས་ཀྱི་མྱུ་གུ་འབུས་པ་བཞིན་ཇེ་མང་དུ་གྱུར་པ་མ་ཟད། ཨར་འདམ་ལྕགས་རྩིབས་མ་ལས་གྲུབ་པའི་མང་ཚོགས་ཀྱི་སྡོད་ཁང་དག་ནི་ཀླུ་ཡི་ཕོ་བྲང་ཇི་བཞིན་གཅིག་ལ་གཅིག་འགྲན་གྱི་ཚུལ་དུ་སྣང་བས། ད་ལྟའི་བཀྲ་ཤིས་འཛོམས་ཤང་དེ་སྔོན་མ་དང་བསྡུར་ཐབས་ཡེ་ནས་མེད་ཅིང་། དེ་གའི་འཕེལ་རྒྱས་ཀྱིས་ང་ཚོར་ཧ་ལས་ཧང་སངས་པའི་ཚོར་སྣང་ཞིག་སྦྱིན་འོང་།
འདི་ནི་བཀྲ་ཤིས་འཛོམས་ཤང་ཆ་ཚང་སློབ་ཆུང་གི་སློབ་མ་ཡིན་པ།
བཀྲ་ཤིས་འཛོམས་ཤང་ནི་ཇོ་མོ་གླང་མ་དང་ཐག་ཉེ་ཤོས་ཀྱི་སྲིད་འཛིན་ཤང་ཞིག་ཡིན་ཞིང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་4300ལྷག་ཙམ་ཟིན་གྱི་ཡོད། སྔོན་ཆད་ལམ་ཐག་རིང་བ་དང་། གཞུང་ལམ་དང་། གློག དྲ་བ་སོགས་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་པོ་མེད་པའི་མཐའ་མཚམས་ཀྱི་ལུང་ཁུག་ཅིག་ཡིན་ཡང་། ད་ལྟ་གནས་འདིར་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་ལ། མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་དང་། སློབ་གསོའི་ཆ་རྐྱེན་སོགས་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་སྟེ། གང་ས་ནས་འཕེལ་རྒྱས་ཀྱི་རང་མདངས་གསར་པ་ཞིག་མངོན་ཞིང་། གསར་དུ་བསྐྲུན་པའི་བཀྲ་ཤིས་འཛོམས་ཤང་ཆ་ཚང་སློབ་ཆུང་ནི་དེ་བས་ཀྱང་མངོན་གསལ་ཧ་ཅང་དོད།
འདི་ནི་བཀྲ་ཤིས་འཛོམས་ཤང་ཆ་ཚང་སློབ་ཆུང་གི་སློབ་མས་སློབ་ཚན་ཉན་བཞིན་པ།
གསར་འགོད་པ་བཀྲ་ཤིས་འཛོམས་ཤང་ཆ་ཚང་སློབ་ཆུང་དུ་སྐྱོད་སྐབས། བསྐྲུན་མ་ཐག་པའི་སློབ་ར་ནི་སྐྱེད་མོས་ཚལ་ཞིག་དང་འདྲ་ཞིང་། ལུས་རྩལ་ཐང་ཆེན་དང་། དེང་རབས་ཀྱི་སློབ་ཁྲིད་ཐོག་ཁང་གང་དགོས་འཛོམས་པ། ལྷག་པར་དུ། ཡུལ་དེ་གའི་སྲོལ་རྒྱུན་གྱི་ཞབས་བྲོ་དང་དེང་གི་ལུས་རྩལ་རྣམ་གྲངས་ཟུང་དུ་འབྲེལ་བའི་སློབ་གསེང་གི་ལུས་རྩལ་བྱེད་སྒོ་ནི་འཁྲུག་ཆ་ཧ་ཅང་དོད།
གཞིས་རྩེ་དགེ་འོས་སློབ་གྲྭ་ནས་ཐོན་ཞིང་ད་བར་སློབ་གསོའི་ལས་ལ་གཞོལ་ནས་ལོ་22སོང་བའི་བསྟན་པ་རིན་ཆེན་ནི་སློབ་གྲྭ་དེ་གའི་སློབ་སྤྱི་ཡིན་ཞིང་། ཁོང་གིས་ངོ་སྤྲོད་བྱས་པར་གཞིགས་ན། སློབ་གྲྭ་དེ་ཐོག་མར་1983ལོར་བཙུགས་ཤིང་། མིག་སྔར། དགེ་རྒན་43དང་། བཀྲ་ཤིས་འཛོམས་ཤང་ཁོངས་ཀྱི་སྲིད་འཛིན་གྲོང་ཚོ་30དང་རང་བྱུང་གྲོང་ཚོ་82ཡི་སློབ་མ་921ཡོད་པ་དང་། བསྡོམས་འཛིན་གྲྭ་20ཡོད་པར་ལོ་རིམ་དང་པོ་ནས་དྲུག་པ་བར་ཆ་ཚང་ཚུད་ཡོད་པ་རེད། སློབ་གྲྭ་དེ་ནི་དིང་རི་རྫོང་གི་སློབ་ཆུང་ཁྲོད་ཀྱི་སློབ་མའི་གྲངས་འབོར་མང་ཤོས་ཡིན་པ་དང་། 2019ལོར་པ་གསུམ་སློབ་ཆུང་དང་བཀྲ་ཤིས་འཛོམས་ཤང་སློབ་ཆུང་གཉིས་ཟླ་སྒྲིལ་བཏང་སྟེ། ད་ལྟའི་སློབ་ཁུལ་གསར་པར་སྤོས་ཡོད། ཁོང་གིས། “ང་ཚོར་དབང་པོ་ཐང་པོ་མེད་པའི་སློབ་མ་4ཡོད་པས། ནམ་རྒྱུན་དགེ་རྒན་སྒྲིག་འཛུགས་བྱས་ནས་ཁོང་ཚོའི་ཁྱིམ་ལ་སོང་སྟེ། མི་རེར་ཟླ་རེར་སྒོར་600ཡི་ཚད་གཞི་ལྟར་འགན་ལེན་གསུམ་གྱི་དངོས་ཟོག་སྐྱེལ་བ་དང་། ཁོང་ཚོའི་སློབ་སྦྱོང་ལ་མཛུབ་ཁྲིད་བྱེད་ཀྱི་ཡོད་ལ། སློབ་མའི་གནས་ཚུལ་ལ་གཞིགས་ནས་རྐུབ་སྟེགས་འཁོར་ལོ་ཅན་སོགས་སྐྱེལ་གྱི་ཡོད། སློབ་གྲྭར་ཡོད་པའི་སློབ་མར་མི་རེར་ཟླ་རེར་སྒོར་454ཡི་ཚད་གཞི་ལྟར། ‘འགན་ལེན་གསུམ’གྱི་སྲིད་ཇུས་ལོངས་སུ་སྤྱོད་ཆོག་གི་ཡོད་པས། ཁ་ལག་དང་ཞོར་ཟས་ཕུན་སུམ་ཚོགས་པ་མ་ཟད། དུས་ཐོག་ཏུ་འོ་མ་དང་ཤིང་འབྲས་སོགས་སྤྲད་ནས་འཚོ་བཅུད་ཁ་གསབ་བྱེད་ཀྱི་ཡོད”ཅེས་བརྗོད།
འདི་ནི་བཀྲ་ཤིས་འཛོམས་ཤང་ཆ་ཚང་སློབ་ཆུང་གི་སློབ་མ་ཡིན་པ།
སློབ་གྲྭས་ཐོག་མཐའ་བར་གསུམ་དུ“མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། གསོ་སྐྱོང་ཇི་ལྟར་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པ”བཅས་ཀྱི་ཏང་གི་སློབ་གསོའི་རྩ་དོན་རྒྱུན་འཁྱོངས་དང་། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་སློབ་མའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་གཙིགས་ཆེན་བྱས་ནས། རྒྱུན་གཏན་གྱི་སློབ་གསོ་སློབ་ཁྲིད་ཀྱི་ལས་ཀའི་རྨང་གཞིའི་ཐོག མཛེས་རྩལ་དང་། ཡིག་གཟུགས། ཞབས་བྲོ། རོལ་དབྱངས་སོགས་ཀྱི་སློབ་ཚན་བཀོད་སྒྲིག་དང་། རི་འཛེག་འགྲན་བསྡུར་གྱི་བྱེད་སྒོ་སོགས་སྤེལ་ནས་སློབ་མའི་དགའ་ཞེན་སྐྱེད་སྲིང་ལ་ཤུགས་སྣོན་ཆེན་པོ་རྒྱག་བཞིན་ཡོད་པ་མ་ཟད། “ཁུར་པོ་ཡང་གཏོང་གཉིས”ཀྱི་སྲིད་ཇུས་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱས་ནས། སློབ་མའི་སློབ་ཕྱིའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བཞིན་ཡོད་པས། སློབ་མ་རྣམས་རང་གི་དགའ་མོས་ལྟར་དགུན་ཨ་རང་ད་རང་གི་དུས་སུའང་དྲོད་རླངས་ཁྲིད་པའི་སློབ་ཁང་དུ་རི་མོ་སྦྱངས་ཏེ། འཚོ་བའི་མཛེས་པ་སྒྱུ་རྩལ་གྱི་ལམ་ནས་མཚོན་པ་དང་། ཞབས་བྲོའི་སྟངས་སྟབས་ཁྲོད་ནས་ལང་ཚོའི་ཉམས་འགྱུར་ངོམ་པ། ལུས་རྩལ་ཐང་དུ་སྤོ་ལོ་བརྒྱབ་ནས་གཟུགས་པོར་སྦྱོང་བརྡར་བྱས་ཏེ། སློབ་གསེང་གི་འཚོ་བར་ནང་དོན་གསར་པ་སྣོན་བཞིན་ཡོད་པ་རེད།
འདི་ནི་དགེ་རྒན་གྱིས་སློབ་མར་ཀུན་སྤྱོད་སློབ་གསོ་རྒྱག་བཞིན་པ།
ཕུར་སྒྲོན་ནི་སློབ་གྲྭའི་ཨང་རྩིས་དགེ་རྒན་ཞིག་ཡིན་ཞིང་། ཁོང་གིས། “སྔོན་མ་ཡིན་ན། ཁྱིམ་བདག་མི་ཉུང་བ་ཞིག་གིས། ང་རྒྱའུ་ལ་རྒྱག་མ་མྱོང་ལ། ངའི་ཕྲུ་གུའང་རྒྱའུ་ལ་རྒྱག་དགོས་མེད་ཅེས་བཤད་དེ། སློབ་ལོ་ལོན་པའི་རང་གི་ཕྲུ་གུ་སློབ་གྲྭར་སློབ་གསོ་དང་ལེན་བྱེད་པར་མ་བཏང་བར་ཁྱིམ་དུ་ཉར་གྱི་ཡོད”ཅེས་བརྗོད་པ་དང་། སློབ་སྤྱི་གཞོན་པ་སྐལ་བཟང་ནོར་རྒྱས་ཀྱིས། “སྔོན་མ་ཡིན་ན་ཁྱིམ་བདག་འགའ་རེས་ཕྲུ་གུ་སློབ་གྲྭ་ནས་འཐེན་ཏེ་རྫོང་དང་གྲོང་ཁྱེར་དུ་བུ་རྫི་བྱེད་པར་གཏོང་གི་ཡོད། ད་ལྟ་ཁྱིམ་བདག་གི་བསམ་པའི་གོ་རྟོགས་མཐོ་རུ་ཕྱིན་ཏེ། རང་འགུལ་ངང་དགེ་རྒན་ལ་ཁ་པར་བརྒྱབ་ནས་རང་གི་ཕྲུ་གུའི་རྒྱུན་གཏན་གྱི་སློབ་གྲྭའི་འཚོ་བ་དང་། ཀུན་སྤྱོད། སློབ་སྦྱོང་གི་གནས་ཚུལ་སོགས་ཤེས་རྟོགས་བྱེད་ཀྱི་ཡོད”ཅེས་བརྗོད། ད་ལྟ་མཐའ་མཚམས་ཀྱི་ཤང་གྲོང་དེར་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་100%དང་། ཚོད་ལྟའི་སློབ་ཚན་འཚོག་ཚད་100% སྐད་གཉིས་སློབ་གསོ་ཁྱབ་གདལ་གཏོང་ཚད་100%བཅས་ཟིན་པ་མ་ཟད། ཉེ་བའི་ལོ་གསུམ་རིང་ལ། སློབ་མ་11ཙམ་བོད་ལྗོངས་འཛིན་གྲྭར་རྒྱུགས་འཕྲོད་པ་དང་། འགའ་རེ་གཞིས་རྩེ་ཧྲང་ཧའེ་ཚོད་ལྟའི་སློབ་གྲྭ་སོགས་ལྗོངས་ནང་ཁུལ་གྱི་གཙོ་གནད་སློབ་གྲྭར་རྒྱུགས་འཕྲོད་ཡོད་ལ། ལོ་གསུམ་གོང་དུ་ཇོ་མོ་གླང་མའི་མཐོ་ཚད་འཇལ་བའི་ནང་ཞུགས་པའི་རི་འཛེག་རུ་མི་བསོད་ནམས་ཚེ་རིང་དང་ཟླ་བ་བཟང་པོའང་སློབ་གྲྭ་དེ་ནས་ཐོན་པ་རེད། གཞན་ཡང་། ཉེ་ཆར། སློབ་གྲྭ་དེ་གའི་སློབ་མ་25ཀྲུང་གོ་ཚན་རིག་ཁང་ཇོ་མོ་གླང་མའི་རླུང་ཁམས་ཆེ་མོ་དང་ཁོར་ཡུག་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་ཞིབ་འཇུག་ས་ཚིགས་ཀྱིས་སྤེལ་བའི“སྤྱི་དམངས་ཀྱི་ཚན་རིག་ཉིན་མོའི”བྱེད་སྒོར་ཞུགས་པའི་གོ་སྐབས་བྱུང་བས། སློབ་མའི་ཚན་རིག་ཐད་ཀྱི་ཤེས་བྱ་ཕུན་སུམ་ཇེ་ཚོགས་དང་། ལྟ་རྒྱ་མཐོང་རྒྱ་ཆེ་རུ་འགྲོ་བར་ཕན་པ་ཐོབ་ཡོད།
འདི་ནི་བཀྲ་ཤིས་འཛོམས་ཤང་ཆ་ཚང་སློབ་ཆུང་གི་སློབ་མ་ལུས་རྩལ་ཐང་དུ་ཡོད་པ།
མ་གཞི་གནས་དེར་གསོ་རླུང་དཀོན་ལ། སྨུག་ཕྱིའི་འོད་ཟེར་དྲག་པོ་ཡོད་རུང་། དགེ་རྒན་ཚོས“གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ། ས་བབ་མཐོ་སར་བསམ་པའི་གོ་རྟོགས་དེ་བས་མཐོ་བའི”སྙིང་སྟོབས་དར་སྤེལ་བཏང་སྟེ། ཡོད་ཚད་ཕྲུ་གུའི་ཆེད་དུ་དང་། ཕྲུ་གུའི་ཡོད་ཚད་ཀྱི་ཆེད་དུ། ཕྲུ་གུ་ཡོད་ཚད་ཀྱི་ཆེད་དུ། ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་ལང་ཚོ་སྐྱེས་སུ་འབུལ་བཞིན་ཡོད་པས། ཕྲུ་གུ་རྣམས་དགའ་དགའ་སྤྲོ་སྤྲོའི་ངང་འཚར་ལོངས་འབྱུང་བཞིན་ཡོད་ལ། སློབ་གྲྭའི་སློབ་གསོའི་བྱ་གཞག་ཀྱང་འཕེལ་རྒྱས་ཀྱི་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཏེ། 2021ལོར། སློབ་གྲྭ་དེར་རྫོང་ཡོངས་ཀྱི་སློབ་གསོའི་སྤུས་ཚད་དཔྱད་ཞིབ་ཀྱི་བྱ་དགའ་ཨང་དང་པོའི་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད་པ་རེད།
བཀྲ་ཤིས་འཛོམས་ཤང་ཆ་ཚང་སློབ་ཆུང་གི་སློབ་གསོའི་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་ནི། དིང་རི་རྫོང་གི་སློབ་གསོར་ཐོབ་པའི་འཕེལ་རྒྱས་ཀྱི་བསྡུས་རིས་ཤིག་རེད། མིག་སྔར། སློབ་གྲྭའི་ཁོར་ཡུག་ལྟ་ན་སྡུག་པ་དང་། དགེ་རྒན་གྱི་དཔུང་ཁག་ཧྲག་པ། དེང་རབས་ཀྱི་སློབ་ཁྲིད་སྒྲིག་ཆས་འཐུས་སྒོ་ཚང་བས། ཕྱིས་འབྱུང་སློབ་གྲྭ་དེའི་རྒྱ་བོད་མི་རིགས་གཉིས་ཀྱི་དགེ་རྒན་ཚོས་མི་རིགས་མཐུན་སྒྲིལ་གྱི་ལག་གདང་སྦྲེལ་ནས། དེ་བས་ངོ་མཚར་ཆེ་བའི་སློབ་གསོའི་ལེའུ་གསར་པ་ཞིག་རྩོམ་པའི་སེམས་ཤུགས་ཀྱིས་ཁེངས་བཞིན་མཆིས།
དེ་བས་མང་བའི་ནང་དོན་ཤེས་འདོད་ན་རྩ་གཉིས་ཨང་རྟགས་འདི་བཤེར་རོགས།