དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཨ་ཀྲུང་མཁའ་འགྲུལ་ཤུལ་བཞག་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་སྟག་མཆོང་རུ་ཁག་གི་དམག་མི་རྒན་གྲས་ལ་འཕྲིན་ལན་སྤྲིངས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-09-21

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་12ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཀྲུང་མཁའ་འགྲུལ་ཤུལ་བཞག་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀེ་ལིན་དང་སྟག་མཆོང་རུ་ཁག་གི་དམག་མི་རྒན་གྲས་མོ་ཡེ་དང་མའེ་ཁེ་མ་ལུན་ལ་འཕྲིན་ལན་སྤྲིངས་པ་རེད།

    ཞི་ཅིན་ཕིང་གིས་ཨ་ཀྲུང་མཁའ་འགྲུལ་ཤུལ་བཞག་ཐེབས་རྩ་ལྷན་ཚོགས་དང་སྟག་མཆོང་རུ་ཁག་གི་དམག་མི་རྒན་གྲས་ཚོས་དུས་ཡུན་རིང་པོའི་ནང་ཀྲུང་ཨ་རྒྱལ་ཁབ་གཉིས་པོར་སྟག་མཆོང་རུ་ཁག་གི་གཏམ་རྒྱུད་བརྒྱུད་སྤེལ་ཧུར་ཐག་བྱེད་བཞིན་ཡོད་པ་དང་ཨ་རིའི་གཞོན་ནུ་ལོ་ཆུང་མང་པོ“སྟག་མཆོང་རུ་ཁག་གི་མཛའ་གྲོགས་སློབ་གྲྭ་དང་གཞོན་ནུ་ལོ་ཆུང་གི་གཙོ་འཛིན་འཆར་གཞིའི”ནང་ཞུགས་ནས་ད་བར་སྟག་མཆོང་རུ་ཁག་གི་དམག་མི་རྒན་གྲས་500ཙམ་དང་དམག་མི་རྒན་གྲས་བརྒྱ་ལྷག་ཙམ་གྱི་ནང་མི་ཀྲུང་གོར་འཚམས་འདྲིར་ཡོང་བ་ཤེས་སྐབས་ང་ཧ་ཅང་དགའ་པོ་བྱུང་ལ་ཁྱེད་ཚོར་གུས་འདུད་ཀྱང་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས་འདས་ཟིན་པར་ཕྱིར་དྲན་གནང་བཞིན་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་རི་པིན་ཧྥ་ཤི་སིར་འགོག་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་དགྲ་ལ་མཉམ་སྡང་དང་ཁྲག་དང་དམག་འཁྲུག་གི་ཚོད་བགམ་ཐེག་ནས་མཛའ་གྲོགས་ཟབ་མོ་ཆགས་ཡོད། མ་འོངས་པར་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པའི་ཀྲུང་ཨ་རྒྱལ་ཁབ་གཉིས་པོར་འཛམ་གླིང་གི་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ཀྱི་ཐད་འགན་འཁྲི་དེ་བས་ཆེ་བ་ཡོད་པས་ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་གཉིས་ཕན་བཅས་མངོན་འགྱུར་བྱེད་དགོས་ངེས་རེད། ཀྲུང་ཨའི་འབྲེལ་བའི་ཐད་ཀྱི་རེ་བ་ནི་མི་དམངས་བཅངས་ཡོད་པ་དང་། རྨང་གཞི་དམངས་ཁྲོད་དུ་ཡོད་པ། འབྱུང་འགྱུར་གཞོན་ནུར་རག་ལུས་ཡོད། དུས་སྐབས་གསར་པའི་ནང་ཀྲུང་ཨའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་དུས་སྐབས་གསར་པའི་སྟག་མཆོང་རུ་མིའི་ཐེ་ཞུགས་དང་རྒྱབ་སྐྱོར་མཁོ་བས་སྟག་མཆོང་རུ་ཁག་གི་སྙིང་སྟོབས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།

    ཨ་ཀྲུང་མཁའ་འགྲུལ་ཤུལ་བཞག་ཐེབས་རྩ་ལྷན་ཚོགས་1998ལོར་བཙུགས་པ་དང་། དེ་ནི་ཀྲུང་ཨའི་མཁའ་འགྲུལ་ལོ་རྒྱུས་དོན་རྐྱེན་ལ་ཞིབ་འཇུག་དང་དྲན་གསོ་བྱེད་པའི་ཨ་རིའི་དམངས་ཁྲོད་མཛའ་གྲོགས་ཚོགས་པ་ཞིག་རེད། ཉེ་ཆར། ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀེ་ལིན་དང་སྟག་མཆོང་རུ་ཁག་གི་དམག་མི་རྒན་གྲས་མོ་ཡེ་དང་མའེ་ཁེ་མ་ལུན་གྱིས་མཉམ་དུ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་ཐེབས་རྩ་ལྷན་ཚོགས་དང་སྟག་མཆོང་རུ་ཁག་གི་དམག་མི་རྒན་གྲས་ཀྱིས་ཀྲུང་ཨའི་མཛའ་གྲོགས་འགྲོ་འོང་ལ་རྒྱབ་སྐྱོར་དང་སྐུལ་འདེད་བཏང་བའི་གནས་ཚུལ་ངོ་སྤྲོད་ཞུས་པ་དང་ཀྲུང་ཨའི་མཉམ་ལས་ཀྱི་རྩ་ཆེའི་བསམ་པའི་རྒྱུ་ནོར་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་ཡིན་ལུགས་ཞུས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།