“སུམ་རྩེན་སློབ་ཁང”གི་སློབ་ཚན་བཞི་པ་འཚོག་ཉེར་ཡོད་པ།
ལྷ་གྲུ་ཨང་བཅུ་དྲུག་པའི་འཇིག་རྟེན་འཕུར་སྐྱོད་ཚོགས་ཆུང་གིས་ཁྱེད་རང་ཀྲུང་གོའི་བར་སྣང་ས་ཚིགས་ཀྱི་མཁའ་འདུན་མངོན་འགྱུར་གྱི་ཚོད་ལྟའི་གྲུ་ཚང་དུ་འཁྲིད་རྒྱུ་ཡིན་པ།
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོ་མི་བཞུགས་འཇིག་རྟེན་འཕུར་སྐྱོད་འདུ་འགོད་གཞུང་དོན་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། “སུམ་རྩེན་སློབ་ཁང”གི་སློབ་ཚན་བཞི་པ་དེ་ཟླ་9ཚེས་21ཉིན་གྱི་ཕྱི་དྲོའི་ཆུ་ཚོད་15དང་སྐར་མ་45ལ་འཚོག་རྒྱུ་ཡིན་པ་དང་། ལྷ་གྲུ་ཨང་བཅུ་དྲུག་པའི་འཇིག་རྟེན་འཕུར་སྐྱོད་པ་ཅིང་ཧའེ་ཕུང་དང་། ཀྲུའུ་དབྱང་ཀྲུའུ། ཀུའེ་ཧའེ་ཁྲའོ་བཅས་ཀྱིས་རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་ལ་ཁ་ཕྱོགས་ནས་བར་སྣང་ཚན་རིག་ཁྱབ་གདལ་གྱི་སློབ་ཁྲིད་བྱ་རྒྱུ་རེད། སྐབས་དེ་དུས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་གོ་ལ་ཧྲིལ་པོར་ཐད་གཏོང་བྱ་རྒྱུ་རེད།
ད་ཐེངས་ཀྱི་བར་སྣང་སློབ་ཁྲིད་བྱེད་སྒོར་མུ་མཐུད་གནམ་སའི་དབར་སྐད་ཆ་ཤོད་རེས་ཀྱི་བྱ་ཐབས་སྤྱོད་རྒྱུ་རེད། འཇིག་རྟེན་འཕུར་སྐྱོད་པ་གསུམ་པོས་འཁོར་ལམ་ཐོག་ནས་ཀྲུང་གོའི་བར་སྣང་ས་ཚིགས་ཀྱི་མཁའ་འདུན་མངོན་འགྱུར་གྱི་ཚོད་ལྟའི་གྲུ་ཚང་གི་ལས་ཀ་དང་འཚོ་བའི་རྣམ་པ་ངོ་སྤྲོད་བྱེད་པ་དང་སྤོ་ལོའི་དབྱིབས་ཀྱི་མེ་ལྕེའི་ཚོད་ལྟ་དང་། ངོ་མཚར་ཆེ་བའི“ཕིང་ཕང་སྤོ་ལོའི”ཚོད་ལྟ། འགུལ་ཚད་བརྟན་སྲུང་ཚོད་ལྟ། དེ་བཞིན་འཕང་ལོའི་ཚོད་ལྟ་བཅས་ངོམ་སྟོན་བྱ་རྒྱུ་མ་ཟད། ས་ངོས་ཀྱི་སློབ་ཁང་དང་སྤེལ་རེས་ཀྱང་བྱ་རྒྱུ་ཡིན་པ་རེད།
ལྷ་གྲུ་ཨང་བཅུ་དྲུག་པའི་འཇིག་རྟེན་འཕུར་སྐྱོད་པས་རྒྱ་ཆེའི་གཞོན་ནུ་ལོ་ཆུང་གདན་དྲངས་ཏེ་ས་ངོས་སུ་དུས་གཅིག་ཏུ་འབྲེལ་ཡོད་ཚོད་ལྟ་བྱས་ནས། གནམ་སའི་ཚོད་ལྟའི་ཧེ་བག་ཁྲོད་འཇིག་རྟེན་གྱི་གསང་བ་ཤེས་རྟོགས་དང་འཚོལ་ཞིབ་ཀྱི་སྤྲོ་སྣང་ཉམས་ལེན་བྱ་རྒྱུ་རེད།