དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • བློ་སེམས་གཅིག་མཐུན་ཀྲུང་ཧྭའི་བླ་སྲོག་གཏོད། འབད་འབུངས་སྟོབས་བརྩོན་མཐུན་སྒྲིལ་ལེའུ་གསར་རྩོམ།

    —— བོད་ལྗོངས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་གླེང་སྟེགས་སྐབས་དང་པོ་འགོ་ཚུགས་པའི་སྐབས་སུ་བྲིས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |     སྤེལ་དུས།  2023-09-20

    ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་ཐེངས་33པ་རྒྱ་ཁྱབ་ངང་སྤེལ་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་གཏིང་ཟབ་ཕྱོགས་སུ་རྒྱ་སྐྱེད་གཏོང་བར་འབད་བརྩོན་ཆེན་པོས་སྐུལ་འདེད་ཤུགས་ཆེན་གཏོང་བའི་སྐབས་སུ། ཟླ་9ཚེས་19ཉིན། “ཀྲུང་ཧྭ་ཡི་བླ་སྲོག་བརྟན་འཛུགས་ཀྱིས། དཔེ་བཟང་ཁུལ་མཉམ་དུ་འཛུགས་གཏོད་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་བོད་ལྗོངས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་གླེང་སྟེགས་སྐབས་དང་པོ་དུས་བཀག་ལྟར་འགོ་ཚུགས་པ་རེད།

    ས་མཐོའི་འདུ་ཚོགས་གཟབ་རྒྱས་འདིས་བོད་ཀྱིས་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཐད་ཐོབ་པའི་གཡུར་ཟའི་གྲུབ་འབྲས་གཅིག་སྡུད་ཐོག་འགྲེམས་སྟོན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་བའི་ཕྱོགས་ཁག་གི་ཉམས་མྱོང་སྤེལ་རེས་དང་ཕྱོགས་སྡོམ་བྱེད་པ། རྣམ་པ་སྣ་ཚོགས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པའི་ལག་ལེན་གྱི་ལམ་བུ་ཞིབ་བསྡུར་དང་རྒྱ་སྐྱེད་གཏོང་བ་བཅས་བྱས་ནས་ཐུན་མོང་ཐོག“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་པའི་དུས་རབས་ཀྱི་འབོད་སྒྲ་བསྒྲགས་པ་རེད། ང་ཚོས་གླེང་སྟེགས་འགོ་ཚུགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་རྒྱུ་ཡིན།

    ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་རྒྱུས་ཀྱི་གཟིགས་རྒྱང་རིང་པོ་དང་གོ་ལ་ཧྲིལ་པོའི་མིག་རྒྱང་ཡངས་པོར་བརྟེན་ནས་གནའ་དེང་གི་འགྱུར་ལྡོག་དང་དུས་རབས་ཀྱི་འཕེལ་ཕྱོགས་ལ་ཞིབ་བཤེར་གནང་སྟེ་གསར་གཏོད་རང་བཞིན་ངང་བཏོན་གནང་བའི་གསར་རྩོམ་རང་བཞིན་གྱི་ཆོད་གཏམ་གལ་ཆེན་ཞིག་དང་། ཏང་གི་མི་རིགས་རིགས་པའི་གཞུང་ལུགས་དང་སྲིད་ཇུས་གསར་གཏོད་འཕེལ་རྒྱས་དང་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གྲུབ་འབྲས་གསར་ཤོས་ཤིག་རེད་ལ། ང་ཚོས་དུས་རབས་གསར་པའི་མི་རིགས་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་ཕྱོགས་སྟོན་ཞིག་ཀྱང་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་མི་རིགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པ་དང་། དེ་བཞིན་བོད་དུ་སྐུ་ངོ་མ་རྟོག་ཞིབ་གནང་བར་ཕེབས་སྐབས་བོད་ཀྱི་མི་རིགས་ལས་དོན་ལ་གཙོ་གནད་ཐོག་ནན་བཤད་དང་མཛུབ་སྟོན་གནང་ནས་བོད་ཀྱི་དུས་རབས་གསར་པའི་མི་རིགས་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་སྒུལ་ཤུགས་ཆེན་པོ་བསྣན་གནང་ཡོད། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དེ་ནི་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་ཐུན་མོང་ཐོག་མངོན་འགྱུར་བྱེད་པའི་ལག་ལེན་ལྡོག་མེད་ཅིག་དང་། ཏང་གི་མི་རིགས་རིགས་པའི་གཞུང་ལུགས་དང་སྲིད་ཇུས་བོད་དུ་དོན་འཁྱོལ་བྱས་ནས་ས་མཐོའི་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རྟག་ཏུ་རྣམ་པར་བཞད་པའི་དོན་དངོས་ཀྱི་དགོས་མཁོ་ཞིག བོད་ཀྱི་ལས་དོན་གྱི་དམིགས་ས་དང་ཤུགས་རྒྱག་ས་ཁོང་དུ་བརྟན་པོར་ཆུད་པ་བྱས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བའི་ལམ་བུ་ལྡོག་མེད་ཅིག་བཅས་རེད།

    ཉེ་བའི་ལོ་ཤས་རིང་དང་། ལྷག་པར་དུ་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་དེ་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུར་བརྩི་བ་དང་། འཐབ་ཇུས་རང་བཞིན་དང་། རྨང་གཞིའི་རང་བཞིན། ཕུགས་ཕན་རང་བཞིན་བཅས་ཀྱི་ལས་འགན་ལ་བརྩིས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ་ནུས་ཤུགས་ཡོད་རྒུས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ཧུར་ཐག་འཛུགས་གཏོད་བྱེད་པའི་ཐད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཐོག་མར་བཏོན་པ་ནས“འདུ་འགོད་ཆེན་པོ་བཞི”དང་། “བྱ་སྤྱོད་ཁག་དྲུག”བཀོད་སྒྲིག་ལག་བསྟར་བྱེད་པའི་བར་དང་། མི་རིགས་ལས་དོན་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བར། ད་ཆའི་གངས་ལྗོངས་ས་མཐོར“ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་མི་སེམས་སུ་གཏིང་ཟབ་ཟུག་པ་དང་། “ཐུན་མོང་བཞིའི”ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལྟ་བ་སྔར་བས་བརྟན་པོར་འཛུགས་པ། “མོས་སེམས་ལྔ”རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ། མི་རིགས་ཁག་གི་མི་དམངས་ཀྱི་སྤུན་ཟླའི་འབྲེལ་བ་ཟབ་ཏུ་དང་ཕན་ཚུན་རོགས་རེས་བྱས་ནས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ཡོད། མི་རིགས་ལས་དོན་ཡག་པོ་སྒྲུབ་པའི་འགག་རྩ་ནི་མི་རིགས་མཐུན་སྒྲིལ་ཡག་པོ་བྱ་རྒྱུ་དེ་ཡིན་པ་དང་གོ་ཆོད་ཤོས་ནི་མི་སེམས་ཐོབ་ཐབས་བྱེད་རྒྱུ་དེ་ཡིན་པས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་ལས་དོན་ཁག་གི་གཙོ་རྐང་དུ་བརྩིས་ནས་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་དགོས་པ་བོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་གསོན་ཉམས་དོད་པའི་ལག་ལེན་ལས་ར་སྤྲོད་གང་ལེགས་བྱས་ཡོད།

    ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་ནི་དུས་རབས་གསར་པའི་རང་རྒྱལ་གྱི་མི་རིགས་ལས་དོན་གྱི་གཙོ་རྐང་ཞིག་རེད་ལ། བོད་ཀྱི་ལས་དོན་གྱི་འཐབ་ཇུས་རང་བཞིན་གྱི་ལས་འགན་ཞིག་ཀྱང་རེད། ང་ཚོས་སྐབས་འདིའི་གླེང་སྟེགས་གོ་སྐབས་སུ་བརྩིས་ནས་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལས་མངོན་པའི་ལོ་རྒྱུས་རང་བཞིན་གྱི་ཡར་རྒྱས་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱས་ཏེ་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཀྲུང་ཧྭའི་རིག་གནས་ཀྱི་མོས་སེམས་ཟབ་ཏུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་ལ་སྐུལ་འདེད་གཏོང་བ། ཁྲིམས་ལྟར་མི་རིགས་ལས་དོན་བཅོས་སྐྱོང་མཐའ་འཁྱོངས་བྱེད་པ། དྲིལ་བསྒྲགས་དང་སློབ་གསོའི་ཁྲིད་སྟོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་རྒྱུན་སྲིང་ལྷོད་མེད་ངང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་དང་། སྙིང་སྟོབས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། ཁྲིམས་སྐྱོང་ལ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། རྣམ་པ་བཟང་པོ་གཏོད་པ་བཅས་བྱས་ནས་མི་རིགས་ཁག་གི་མི་དམངས་ལ་རྒྱུན་ཆད་མེད་པར་ཁྲིད་སྟོན་གྱིས་སྐྱིད་སྡུག་མཉམ་མྱོང་དང་། ཁྲེལ་གྲགས་མཉམ་ཁུར། མཉམ་ཤི་མཉམ་གསོན། ལས་དབང་གཅིག་མཐུན་བཅས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་དང་། བསམ་བློ་གཏོང་ས་གཅིག་ལ་གཏོང་བ་དང་ཤུགས་རྒྱག་ས་གཅིག་ལ་རྒྱག་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གྱི་དུས་རབས་ཀྱི་ལེའུ་གསར་པ་རྩོམ་དགོས།

    སྐབས་འདིའི་གླེང་སྟེགས་ཐུགས་གྲ་ལེགས་འགྲིག་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།