དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྣ་བའི་དབང་པོ་ཉམས་པའི་བྱིས་པ་དེ་བས་མང་བར་རོགས་རམ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-09-19

     བརྗོད་དོན་གཙོ་བོའི་སློབ་གསོའི་རིང་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་སློབ་སྦྱོང་བྱེད་ཀྱིན་དང་། ཞིབ་བསྡུར་བྱེད་ཀྱིན། ཞིབ་བཤེར་བྱེད་ཀྱིན། དག་ཐེར་བྱེད་ཀྱིན་བཅས་མཐའ་འཁྱོངས་བྱས་ནས་གསེད་བཀྲོལ་ནན་ཏན་བྱས་པ་བརྒྱུད། 2020ལོ་ནས་བཟུང་རང་ལྗོངས་ཀྱི“རྣ་བའི་དབང་པོ་ཉམས་པའི་བྱིས་པར་མི་ཐབས་རྣ་འཁྱིལ་སྒོར་བའི་གཤགས་བཅོས་རྣམ་གྲངས”ལ་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ནས་ལྗོངས་ཕྱིའི་རིགས་གཅིག་མཁས་ཅན་བོད་དུ་ཆེད་ལས་གཤགས་བཅོས་དང་སྨན་བཅོས་མཛུབ་ཁྲིད་བྱེད་པར་ཡོང་ཐབས་བྲལ་བ་ཤེས་རྟོགས་བྱུང་བ་རེད།

    རང་ལྗོངས་ཀྱི་རྣ་བའི་དབང་པོ་ཉམས་པའི་བྱིས་པར་སྔ་ཙམ་སྐད་སྒྲ་ཐོས་ཐུབ་པ་བྱེད་ཆེད། རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ནས་བཅོས་སྒྲིག་གི་བྱ་ཐབས་ཞིབ་འཇུག་བྱས་ནས་བཟོས་ཤིང་། ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་མི་ཐབས་རྣ་འཁྱིལ་སྒོར་བའི་གཤགས་བཅོས་ཀྱི་དགོས་མཁོ་ཡོད་པ་དང་རེ་བ་ཞུས་པའི་རྣ་བའི་དབང་པོ་ཉམས་པའི་བྱིས་པར་མི་སྒེར་གྱི་ཆ་འཕྲིན་ཡིག་ཚགས་བཟོས་པ་མ་ཟད། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་དབང་པོ་ལྔའི་ཚན་ཁག་དང་མཐུན་སྦྱོར་བྱས་ནས་རང་ལྗོངས་ཀྱི་མི་ཐབས་རྣ་འཁྱིལ་སྒོར་བའི་གཤགས་བཅོས་ཀྱི་རོགས་སྐྱོར་ཆ་རྐྱེན་དང་མཐུན་པའི་རྣ་བའི་དབང་པོ་ཉམས་པའི་བྱིས་པ་23ལ་གཤགས་བཅོས་མ་བྱས་གོང་གྲལ་བཤེར་བྱས་ནས་མཐར་ཆ་རྐྱེན་འཛོམས་པའི་རྣ་བའི་དབང་པོ་ཉམས་པའི་བྱིས་པ་15ད་ཐེངས་ཀྱི་གཤགས་བཅོས་ལ་ཞུགས་པ་རེད།

    ཟླ་6ཚེས་11ཉིན། རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཆེད་ལས་ལག་རྩལ་རྐང་འཛིན་པ་བཞི་ལས་གྲུབ་པའི་ལས་ཀའི་ཆེད་དོན་ཚན་ཁག་གིས་རྣ་བའི་དབང་པོ་ཉམས་པའི་བྱིས་པ་15དང་དེའི་ཁྱིམ་བདག་ཁྲིད་དེ་སི་ཁྲོན་ཞིང་ཆེན་བརྒྱད་གཅིག་དྲག་སྐྱེད་ལྟེ་གནས་སུ་མི་ཐབས་རྣ་འཁྱིལ་སྒོར་བའི་གཤགས་བཅོས་བྱེད་པར་བསྐྱོད་པ་རེད། ས་གནས་དེ་གའི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་སྨན་བཅོས་སྒྲིག་གཞིའི་རྒྱབ་སྐྱོར་ཤུགས་ཆེན་འོག་ཟླ་6ཚེས་16ཉིན་བར། རང་ལྗོངས་ཀྱི་རྣ་བའི་དབང་པོ་ཉམས་པའི་བྱིས་པ་15ལ་མི་ཐབས་རྣ་འཁྱིལ་སྒོར་བའི་གཤགས་བཅོས་བྱས་པ་རེད། ཟླ་6ཚེས་19ཉིན། མི་ཐབས་རྣ་འཁྱིལ་བསྒར་རྗེས་རྣ་བའི་དབང་པོ་ཉམས་པའི་བྱིས་པ་15ཡིས་སྐད་སྒྲ་ཐོས་ཐུབ་པ་རེད།

    རང་སྐྱོང་ལྗོངས་དབང་སྐྱོན་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས་རྣ་བའི་དབང་པོ་ཉམས་པའི་བྱིས་པའི་ཁྱིམ་ཚང་གིས་གལ་ཏེ་རང་ཉིད་ཀྱིས་སྨན་ཁང་དང་འབྲེལ་བ་བྱས་ནས་མི་ཐབས་རྣ་འཁྱིལ་ཉོ་བ་དང་གཤག་བཅོས་བྱས་ཚེ་མི་རེར་སྨན་རིན་སྒོར་ཁྲི་26ནས་30བར་གཏོང་དགོས་ཀྱི་ཡོད། འོན་ཀྱང་ད་རེས་རང་ལྗོངས་ཀྱི་རྣ་བའི་དབང་པོ་ཉམས་པའི་བྱིས་པ་15ལ་མི་རེར་སྨན་རིན་སྒོར་ཁྲི་9.6ཙམ་ཡིན་པ་དང་སྨན་རིན་ཆ་ཚང་བསྡོམས་ཁྲི་138ཙམ་ཟིན་གྱི་ཡོད་པ་དང་། དེ་དག་ཚང་མ་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཀྲུང་དབྱང་དང་མཐུན་སྦྱོར་བྱས་པ་བརྒྱུད་དབང་པོ་སྐྱོན་ཅན་གྱི་བྱ་གཞག་ཁ་གསབ་མ་དངུལ་ལ་བརྟེན་ནས་ཐག་གཅོད་བྱས་པ་ཞིག་ཡིན་པས་རྣ་བའི་དབང་པོ་ཉམས་པའི་བྱིས་པའི་ཁྱིམ་ཚང་ནས་འགྲིམ་འགྲུལ་སོགས་ཀྱི་འགྲོ་གྲོན་མ་གཏོགས་སྤྲོད་དགོས་ཀྱི་མེད། གཤགས་བཅོས་རྗེས་ཀྱི་ལོ་གཅིག་རིང་གི་སྐད་བརྡ་དང་ཉན་ནུས་དྲག་སྐྱེད་སྦྱོང་བརྡར་དང་ལེན་བྱས་རྗེས། ཕྲུ་གུ་དེ་དག་གིས་ཕྲུ་གུ་གཞན་དང་འདྲ་བར་རྒྱུན་གཏན་གྱི་སློབ་སྦྱོང་དང་འཚོ་བ་སྐྱེལ་ཆོག་གི་ཡོད་ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།