མི་རིགས་ཁག་གི་མི་དམངས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་དགོས།
“མི་རིགས་56ནི་སེ་འབྲུའི་འབྲུ་གུ་ལྟ་བུ་དང་ཀྲུང་ཧྭ་མི་རིགས་ནི་སེ་འབྲུའི་རྡོག་པོ་ལྟ་བུ་ཡིན”ཞེས་དང“མི་རིགས་ཁག་སེ་འབྲུའི་རྡོག་ལྟར་དམ་པོར་འབྲེལ་བར་སྐུལ་འདེད་གཏོང་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སེ་འབྲུ་དང་སེ་འབྲུའི་རྡོག་ལ་དཔེ་བཞག་གནང་སྟེ། ཀྲུང་ཧྭ་མི་རིགས་དང་མི་རིགས་ཁག་དབར་གྱི་འབྲེལ་བ་དང་དེ་བཞིན་མི་རིགས་ཁག་དབར་གྱི་འབྲེལ་བར་གསལ་བཤད་གནང་ཡོད། ཀྲུང་ཧྭ་མི་རིགས་དང་མི་རིགས་ཁག་དབར་གྱི་འབྲེལ་བ་ནི་ཁྱིམ་ཚང་ཆེན་པོ་དང་ཁྱིམ་ཚང་གི་ནང་མིའི་དབར་གྱི་འབྲེལ་བ་དང་། མི་རིགས་ཁག་དབར་གྱི་འབྲེལ་བ་ནི་ཁྱིམ་ཚང་ཆེན་པོའི་ནང་གི་ནང་མི་མི་འདྲ་བའི་དབར་གྱི་འབྲེལ་བ་རེད། རང་སོ་སོའི་ཁྱད་ཆོས་ལྡན་པའི་མི་རིགས་56ཕན་ཚུན་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ། སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་སྟོབས་ཤུགས་ལྡན་པའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཅིག་གྲུབ་པར་བྱས་ཡོད།
བོད་ཀྱི་ལོ་རྒྱུས་འཕེལ་རྒྱས་ཀྱི་ཆུ་རྒྱུན་རིང་པོའི་ནང་མི་རིགས་མཐུན་སྒྲིལ་གྱི་གཟི་བརྗིད་སྲོལ་རྒྱུན་ཡོད་ཅིང་། ཐང་རྒྱལ་རབས་ཀྱི་དུས་སུ་འུན་ཤིང་ཀོང་ཇོ་བོད་དུ་ཕེབས་ནས་རྒྱ་བོད་མི་རིགས་ཕན་ཚུན་སློབ་སྦྱོང་གཏིང་ཟབ་དང་ཐུན་མོང་ཡར་རྒྱས་ཡོང་བར་བྱེད་པའི་ལོ་རྒྱུས་ཀྱི་འགོ་བཙུགས་པ་དང་། ཐང་བོད་གནའ་ལམ་གྱིས་བོད་དང་མེས་རྒྱལ་ནང་སའི་དཔལ་འབྱོར་དང་རིག་གནས་དམ་པོར་སྦྲེལ་ཡོད། ཡང་སྒོས་སུ་ལྷ་ལྡན་གཙུག་ལག་ཁང་གི་མདུན་དུ་ཡོད་པའི་དབོན་ཞང་རྡོ་རིང་ནི་ལོ་ངོ་དུ་མའི་མི་རིགས་མཐུན་སྒྲིལ་གྱི་ལོ་རྒྱུས་མཚོན་པའི་དཔང་རྟགས་ཡིན། བོད་ཀྱི་ས་གཞིའི་ཐོག་འཚོ་བ་སྐྱེལ་བའི་བོད་རིགས་དང་། རྒྱ་རིགས། ཧུད་རིགས། མོན་པ་རིགས། ལྷོ་པ་རིགས། འཇང་རིཌ། དེ་བཞིན་ཏེང་པ་དང་ཤར་པ་སོགས་མི་རིགས་ཁག་གིས་ཞི་མཐུན་མཉམ་གནས་དང་མཐུན་སྒྲིལ་འབད་འཐབ་བྱས་ནས་མཛེས་སྡུག་ལྡན་པའི་ས་མཐོ་ཐུན་མོང་ཐོག་བསྐྲུན་དང་སྐྲུན་བཞིན་ཡོད། ཉེ་རབས་ཚུན་དུ་ཕྱི་ཕྱོགས་ཀྱི་བཙན་འཛུལ་ལ་འགོག་རྒོལ་བྱེད་པ་དང་། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པ། བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཁྲོད་དུ་མི་རིགས་མཐུན་སྒྲིལ་གྱི་གཟི་བརྗིད་སྲོལ་རྒྱུན་སྔར་བས་དར་སྤེལ་བཏང་ཡོད། མི་དམངས་བཅིངས་འགྲོལ་དམག་བོད་དུ་འབྱོར་རྗེས། བོད་རིགས་མང་ཚོགས་ཀྱིས་ཁོང་ཚོར་བྱམས་བརྩེའི་ངང“བཅིངས་འགྲོལ་དམག་མི”ཞེས་འབོད་ཀྱི་ཡོད།
ད་ཆ་བོད་འདི་ཉིད་མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་ས་ཁུལ་ཞིག་ཏུ་གྱུར་ཞིང་། མི་རིགས་མི་འདྲ་བའི་མང་ཚོགས་ཕན་ཚུན་དགའ་ཞེན་དང་། ཕན་ཚུན་མཉམ་འདྲེས། ཕན་ཚུན་གཅིག་འབྲེལ་བཅས་ཡོང་བར་བྱས་ཡོད། མགོ་བོའི་སྟེང་གི་ནམ་མཁའ་གཅིག་པ་དང་རྐང་པའི་འོག་གི་ས་གཞི་གཅིག་པའི་ཐོག་ཏུ་ཚང་མས་བརྩེ་སེམས་ཟབ་མོས་ཕན་ཚུན་ལྟ་སྐྱོང་བྱས་ཏེ། དུས་རབས་གསར་པའི་མི་རིཌ་མཐུན་སྒྲིལ་གྱི་མཛེས་སྡུག་རོལ་དབྱངས་མཉམ་དུ་དཀྲོལ་བཞིན་ཡོད།
མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་རེད། ད་ཆ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ལོ་རྒྱུས་ཀྱི་དུས་སྐབས་གང་ཞིག་ལས་ཀྱང་མི་རིགས་མཐུན་སྒྲིལ་ཆེན་པོ་ནི་ལས་སླ་པོར་བྱུང་བ་ཞིག་མིན་པ་དེ་བས་གསལ་པོ་ཤེས་པ་དང་། མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ་ཡིན་པ་དེ་བས་གསལ་པོ་རྟོགས་པ། མི་རིགས་མཐུན་སྒྲིལ་ལ་གནོད་པའི་གཏམ་སྤྱོད་མཐའ་དག་ལ་དེ་བས་རང་རྟོགས་ངང་འཐབ་རྩོད་བྱེད་ཀྱི་ཡོད། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་དང་། རང་ཉིད་ཀྱི་ཚེ་སྲོག་ལ་བརྩི་མཐོང་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་བརྩི་མཐོང་བྱེད་ཀྱི་ཡོད།
“ཉི་མ་དང་ཟླ་བ་ནི་ཨ་མ་གཅིག་གི་བུ་མོ་རེད། ཁོང་ཚོའི་ཨ་མའི་མིང་ལ་འོད་ཟེར་ཟེར། བོད་རིགས་དང་རྒྱ་རིགས་ནི་ཨ་མ་གཅིག་གི་བུ་མོ་རེད། ང་ཚོའི་ཨ་མའི་མིང་ལ་ཀྲུང་གོ་ཟེར”ཞེས་པའི་གླུ་གཞས་ལས་མཚོན་པ་ནི་བརྩེ་དུང་གི་མཚོན་བྱེད་དང་དོན་དངོས་ཀྱི་གནས་ཚུལ་རེད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་དང་མེས་རྒྱལ་སྐྱེད་མའི་ཐུགས་ཁུར་འོག བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བ་དང་། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་གཟི་བརྗིད་རླབས་པོ་ཆེ་ལོངས་སུ་སྤྱོད་བཞིན་ཡོད།