དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ།

    རང་ལྗོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-09-19

    ཟླ་9ཚེས་17ཉིན། “མི་རིགས་མཐུན་སྒྲིལ། སེ་འབྲུ་ལྟར་སེམས་པ་གཅིག་ཏུ་སྒྲིལ”ཞེས་པའི་ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་མི་རིགས་མཐུན་སྒྲིལ་གྱི་ལག་ལེན་སྒར་སའི་བྱེད་སྒོ་སྐབས་དྲུག་པ་ལྷ་སར་འགོ་ཚུགས་པ་རེད། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་གྱི་རྒྱ་རིགས་དང་། བོད་རིགས། ལྷོ་པ་རིགས། མོན་པ་རིགས་སོགས་མི་རིགས་མི་འདྲ་བའི་གཞོན་ནུ་ལོ་ཆུང་70ཙམ་བྱེད་སྒོར་ཞུགས་ཡོད་ཅིང་། བྱེད་སྒོ་སྤེལ་རིང་། གཞོན་ནུ་ལོ་ཆུང་ཚོས་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་རྟེན་གཞི་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི། ཚན་རིག་ཁྱབ་གདལ་གྱི་སློབ་གསོའི་རྟེན་གཞི་བཅས་ལ་ལྟ་སྐོར་དང་། མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་དངོས་ལྗོངས་ཟློས་གར་ལ་བལྟས་པ། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་སྲོལ་རྒྱུན་མི་རིགས་ལུས་རྩལ་རྣམ་གྲངས་སོགས་ཉམས་ལེན་བྱས་ཏེ། མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་བ་རེད། འདི་ནི་ལྗོངས་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་མི་རིགས་མཐུན་སྒྲིལ་གྱི་ལག་ལེན་སྒར་སའི་བྱེད་སྒོ་སྐབས་དྲུག་པར་ཞུགས་མཁན་གཞོན་ནུ་ལོ་ཆུང་ཚོས་མཉམ་བཞུགས་པར་རྒྱག་བཞིན་པ།

    “ཕན་ཚུན་བརྩེ་བས་ཁེངས་པའི་རྒྱ་བོད་ཁྱིམ་ཚང་ནི་ཇ་དང་ཚྭ་ལྟ་བུ་རེད”ཅེས་པའི་སྐད་ཆ་དེ་ནི་བོད་རིགས་སྤུན་ཟླས་རྒྱུན་དུ་ཤོད་པའི་གཏམ་དཔེ་ཞིག་རེད་ལ། དེ་ཡང་བོད་ཀྱི་མི་རིགས་ཁག་གི་མཐུན་སྒྲིལ་ཆེ་མོའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཀྱང་རེད།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་གི་མི་རིགས་ལས་དོན་གྱི་མཛད་ཕྱོགས་དང་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་བོད་ལྗོངས་བརྟན་ལྷིང་དང་བོད་ལྗོངས་དར་རྒྱས་བྱ་གཞག་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཧུར་ཐག་བྱེད་པ། མི་རིགས་ཁག་གི་མི་དམངས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་སྔར་བས་ཟབ་ཏུ་གཏོང་བ། མི་རིགས་མཐུན་སྒྲིལ་དེ་ཉིད་ས་མཐོའི་ས་གཞི་ཆེ་མོར་རྩ་བ་ཚུགས་ནས་མྱུ་གུ་འབུས་པ་དང་མེ་ཏོག་བཞད་ནས་འབྲས་བུ་སྨིན་པ་བཅས་བྱས་ཏེ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་ཐུན་མོང་ཐོག་མངོན་འགྱུར་བྱེད་པའི་བརྗིད་ཆེའི་སྟོབས་ཤུགས་ཤིག་མཉམ་དུ་འདུས་ཡོད།

    མི་རིགས་མཐུན་སྒྲིལ་དེ་ཉིད་ཡུལ་ལྗོངས་མཛེས་ཤོས་སུ་གྱུར་པ།

    “《བར་སྐོར་སྒོ་ར་བྱང་མ》ཞེས་པ་དེས་ཆུང་ས་ནས་ཆེ་ས་མཐོང་བ་བྱས་ཏེ་བབ་ཆགས་ཤོས་དང་དྲོ་སྐྱིད་ཆེ་ཤོས་ཀྱི་རྩ་ཆེའི་མི་རིགས་ཀྱི་བརྩེ་སེམས་མཚོན་ཡོད་པས། ང་ཚོས་མིག་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱེད་པའི་ཡིད་ཆེས་དང་ཆོད་སེམས་དེ་བས་བརྟན་དུ་ཕྱིན་སོང” དེ་ནི་གཏམ་བརྗོད་ཟློས་གར《བར་སྐོར་སྒོ་ར་བྱང་མ》ཞེས་པ་དེ་ལྷ་སར་འཁྲབ་སྟོན་བྱས་རྗེས་ལྟད་མོ་བར་བྱུང་བའི་གཅིག་གྱུར་ངོས་འཛིན་ཞིག་རེད།

    མི་སེར་གྱི་འཚོ་བ་གར་སྟེགས་ཐོག་མཚོན་པར་བྱས་ནས་མི་རིགས་མཐུན་སྒྲིལ་དང་བདེ་སྐྱིད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་རྒྱུ་ནི་རང་ལྗོངས་ཀྱིས་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པའི་མཚོན་ཚུལ་ཞིག་རེད།

    ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་མི་རིགས་ཁག་གིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི་བརྗོད་དོན་གཙོ་བོ་ཁོང་དུ་བརྟན་པོར་ཆུད་པར་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བར་བསམ་ཕྱོགས་གསར་པ་དང་བྱ་ཐབས་གསར་པ་འཚོལ་ཞིབ་ཟམ་མི་ཆད་པར་བྱས་ཡོད།

    ——མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ཆ་ཚང་བ་དང་། འཕྱུགས་པ་མེད་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པར་དམིགས་ཏེ《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》བརྒྱུད་རིམ་ལྡན་པའི་ངང་ཁོང་དུ་ཆུད་པར་བྱས་ནས་བསམ་བློ་དང་བྱ་སྤྱོད་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ཡོད།

    ——ཏང་གིས་མི་རིགས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་དེ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ཚང་མར་ཁྱབ་པ་མཐའ་འཁྱོངས་བྱས་ནས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་བཀོད་པའི་སྒྲོམ་གཞི་ཆེན་པོའི་འོག་དཔེ་བཟང་ཁུལ་འཛུགས་གཏོད་ལས་དོན་གྱི་རྣམ་པ་བཏོད་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་སྤྱི་ཡོངས་ཀྱི་རང་བཞིན་དང་བརྒྱུད་རིམ་རང་བཞིན་གྱི་ཟུར་ཚད་ཐོག་ནས་དཔེ་བཟང་ཁུལ་འཛུགས་གཏོད་ལས་དོན་གྱི་མ་ལག་བཏོད་ཡོད།

    ——《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་འཆར་འགོད(2021ལོ་ནས་2025ལོ་བར)》སོགས་མཛུབ་ཁྲིད་རང་བཞིན་གྱི་ཡིག་ཆ་བཟོས་ནས་བཏོན་པ་དང་། འབྲེལ་ཡོད་དཔྱད་བསྡུར་དང་མིང་བཏགས་པའི་བྱ་ཐབས་ལ་བཟོ་བཅོས་བརྒྱབ་ནས་བཏོན་པ། “འདུ་འགོད་ཆེན་པོ་བཞི”དང“བྱ་སྤྱོད་ཁག་དྲུག”སོགས་གལ་ཆེའི་ལས་ཀའི་བྱ་ཐབས་ཁ་གསལ་བཟོས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་ཆེད་ལམ་ལུགས་ཀྱི་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

    ——“3·28”ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་དང་ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་ཟླ་བ་སོགས་དུས་ཆེན་གྱི་མཚམས་ཚིགས་གལ་ཆེན་ལ་དམ་འཛིན་བྱས་ཏེ་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་ནས། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་དེ་ལས་ཁུངས་དང་། ཞིང་འབྲོག་ཁུལ། སྡེ་ཁུལ། སློབ་གྲྭ ཁེ་ལས། དམག་སྒར། དགོན་སྡེ་སོགས་སུ་སྤེལ་བར་སྐུལ་འདེད་བཏང་ཡོད།

    ——སྤྱོད་གོ་ཆོད་པའི་བྱེད་ཐབས་རབ་དང་རིམ་པས་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་གྱི་བསམ་བློའི་རྨང་གཞི་དང་ལག་ལེན་གྱི་རྨང་གཞི་སྔར་བས་སྲ་བརྟན་དང་གོང་འཕེལ་བཏང་ཡོད། ཕན་ཚུན་ཁ་བྲལ་ཐབས་མེད་པའི་འཆམ་མཐུན་གྱི་མི་རིགས་འབྲེལ་བ་དེ་ས་མཐོའི་ས་གཞི་ཆེན་པོའི་ཡུལ་ལྗོངས་མཛེས་ཤོས་སུ་གྱུར་ཡོད།

    2022ལོར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་150དང་དཔེ་བཟང་མི་སྒེར་200ལ་གཟེངས་བསྟོད་བྱས་པ་དང་། “མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་ཡག་ཤོས”100དཔྱད་འདེམས་བྱས་པ། ཚན་པ་251ལ་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ས་ཁུལ(གྲོང་ཁྱེར)དང་། དཔེ་བཟང་རྫོང(ཆུས)དཔེ་བཟང་ཚན་པ་སོགས་ཁག་དང་པོའི་སྒོ་བྱང་བཀལ་ནས་མིང་བཏགས་ཡོད།

    མཐུན་སྒྲིལ་གྱི་ས་བོན་མི་སེམས་སུ་གཏིང་ཟབ་ཟུག་པ།

    དུས་རབས་གོང་མའི་ལོ་རབས་60པའི་དུས་འགོར་བཅིངས་འགྲོལ་དམག་གམ་པ་རྫོང་དུ་བཅའ་སྡོད་བྱས་ནས་རྒྱལ་སྲུང་མཐའ་སྲུང་བྱས་པ་དང་དུས་མཚུངས་ད་དུང་ས་གནས་དེ་གའི་དབུལ་པོར་འཚམས་འདྲི་དང་སྨན་སྐྱེལ་བར་བསྐྱོད་ཡོད། གམ་པ་རྫོང་གྲང་རླུང་ཤང་གནས་གྲོང་ཚོའི་ཡུལ་མི་ལྷ་སྐྱིད་1933ལོར་སྐྱེས་པ་དང་བོད་རྙིང་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་མུན་ནག་དང་གདུག་རྩུབ་བརྒྱུད་མྱོང་བས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་འོད་ཟེར་དང་དྲོ་སྐྱིད་ལ་དེ་བས་གཅེས་སྤྲས་བྱེད་ཀྱི་ཡོད།

    དམག་དམངས་ཀྱིས་ཉ་ཆུ་ལྟ་བུའི་འབྲེལ་བ་བཙུགས་པ་དང་མི་རིགས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ། ལྷ་སྐྱིད་ཁྱིམ་གྱི་གཏམ་རྒྱུད་ལས་རང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་ཐུན་མོང་ཐོག་མཐུན་སྒྲིལ་ཡར་ཐོན་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་འགྲོ་བའི་གསོན་ཉམས་དོད་པའི་རྣམ་པ་མངོན་ཡོད། ད་ཆ་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་མི་སེམས་སུ་གཏིང་ཟབ་ཟུག་པ་དང་། སྤུན་ཉེ་འཆམ་མཐུན་དང་ལྟ་རེས་སྐྱོང་རེས་ཀྱི་དྲོ་སྐྱིད་ལྡན་པའི་རྣམ་པ་གངས་ལྗོངས་ས་མཐོའི་གང་སར་མཐོང་རྒྱུ་ཡོད།

    ཆབ་མདོ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་གཞི་རིམ་བཀོད་འདོམས་པ་བསྟན་འཛིན་འཇིགས་མེད་ཀྱིས་རྒྱ་རིགས་ཀྱི་རྨོ་བོ་ཞིག་དང་ཆ་སྒྲིག་གཉེན་འཚོལ་བྱས་ནས་ལྷག་བསམ་རྣམ་དག་ངང་མི་རིགས་མཐུན་སྒྲིལ་གྱི་མི་སེམས་འགུལ་བའི་གཏམ་རྒྱུད་འབྲི་བཞིན་ཡོད།

    ལྷ་ས་རྒྱལ་མཚམས་འཛུལ་སྒྲོལ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པ་ཉི་མ་ལྷ་མོའི་ཁྱིམ་ནི་མཐུན་སྒྲིལ་དང་འཆམ་མཐུན་གྱི་མི་རིགས་མང་བའི་ཁྱིམ་ཚང་ཆེན་མོ་ཞིག་ཡིན་པ་དང་། ཁྱིམ་ཚང་གི་ཁོངས་མིའི་དབར་མཐུན་སྒྲིལ་མཛའ་བརྩེ་དང་འབྲེལ་བ་ཞི་མཐུན་གྱི་གཏམ་བཟང་ཀུན་ཏུ་གྲགས་ཡོད།

    བར་སྐོར་ཁྲོམ་གཞུང་གི་ཉེ་འགྲམ་དུ་མི་རིགས་མང་བའི་མང་ཚོགས་མཉམ་དུ་སྡོད་པའི་སྒོ་ར་ཆེ་ཆུང་བརྒྱ་ལྷག་ཙམ་ཡོད་པ་དང་། ཁྲོམ་གཞུང་ཆེ་ཆུང་གང་སར་མཐུན་སྒྲིལ་རོགས་རེས་ཀྱི་གཏམ་བཟང་ཐོས་རྒྱུ་ཡོད། གཙུག་ལག་ཁང་གི་ལྷོ་ངོས་སུ་ཡོད་པའི་ཀླུ་སྒུག་སྡེ་ཁུལ་དུ་བོད་རིགས་དང་། རྒྱ་རིགས། ཧུའེ་རིགས། མོན་པ་རིགས། ཡུ་གུར་རིགས། སོག་རིགས་སོགས་མི་རིགས་མང་པོའི་མང་ཚོགས་འཚོ་སྡོད་བྱེད་ཀྱི་ཡོད། ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱིས་རྒྱུན་གཏན་གྱི་འཚོ་བའི་ཁྲོད་འབྲེལ་གཏུག་སྤེལ་རེས་བྱ་རྒྱུར་སྟབས་བདེ་བསྐྲུན་ནས་མི་རིགས་ཁག་གི་གྲོང་མི་ཞི་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་ཆེད། ཀླུ་སྒུག་སྡེ་ཁུལ་གྱི་གྲོང་མི་ཨུ་ལྷན་གྱིས“སྐད་གཉིས་སློབ་ཁང་ཆུང་ངུ”གཉེར་ནས་བོད་རིགས་གྲོང་མིར་སྤྱི་སྐད་བསླབས་པ་དང་མི་རིགས་གཞན་དག་གི་གྲོང་མི་ཚོར་བོད་སྐད་བསླབས་ཡོད། སྐད་བརྡ་འཕྲོད་ན་སེམས་ཀྱི་བར་ཐག་ལྷག་ཏུ་ཉེ།

    བོད་དུ་དེ་ལྟ་བུའི་གཏམ་རྒྱུད་མང་པོ་ཡོད། མིག་དཔེའི་རྒྱབ་ཏུ་མི་སེམས་འགུལ་བའི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་མང་པོ་ཡོད་པ་དེ་ནི་མུ་ཏིག་བཞིན་དྲོ་སྐྱིད་ལྡན་ལ་བཀྲག་མདངས་འཚེར་བ་ཞིག་ཡོད།

    མཐུན་སྒྲིལ་ཟབ་ཏུ་གཏོང་བའི་ཐད་འཕེལ་རྒྱས་དོན་འཁྱོལ་བྱུང་བ།

    ཉིང་ཁྲི་རུན་ཤིན་ཁེ་ལས་ཚད་ཡོད་ཀུང་སི་ནི་བོད་ཀྱི་ཁེ་ལས་ཤིག་ཡིན་ཞིང་། ལས་བཟོར་བོད་རིགས་དང་། རྒྱ་རིགས། ཧུའེ་རིགས། མོན་པ་རིགས། ལྷོ་པ་རིགས། ལི་སུའུ་རིགས་སོགས་མི་རིགས་10ལྷག་ཙམ་ཡོད་པ་དང་། གྲངས་ཉུང་མི་རིགས་ཀྱི་ལས་མིས་50%ཙམ་གྱི་བསྡུར་གྲངས་བཟུང་ཡོད།

    ཁེ་ལས་ཤིག་གིས་ཕྱོགས་གཅིག་གི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་པ་དང་། ཕྱོགས་གཅིག་འཕེལ་རྒྱས་བྱུང་ནས་ས་ཁོངས་གཅིག་གི་མང་ཚོགས་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱས་ཤིང་། ཉིང་ཁྲི་རུན་ཤིན་ཁེ་ལས་ཚད་ཡོད་ཀུང་སིས་ཐོན་ལས་དང་། ལས་ཞུགས། རྩལ་ནུས་སྐུལ་ཁྲིད། སྤྱི་ཕན་ཞལ་འདེབས་སོགས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ལས་དོན་ལ་ནུས་ཤུགས་བཏོན་པར། རིམ་རྩིས་བྱས་ན་ས་གནས་དེ་གའི་མང་ཚོགས་མི་ཐེངས་ཁྲི་1ལྷག་ཙམ་ལས་ཞུགས་ཐུབ་ཡོད། ཁེ་ལས་ཀྱིས་ལོ་ལྟར་ཤང་དང་གྲོང་རྡལ་4ཡི་སློབ་མ་700ལ་གནད་སྨིན་རོགས་སྐྱོར་བྱེད་པ་དང་། ཐག་རིང་ལུང་ཁུག་གི་ཤང་དང་གྲོང་རྡལ་གྱི་ཕུལ་བྱུང་སློབ་ཆེན་སློབ་མ་40ལྷག་ཙམ་ལ་རྒྱུན་མཐུད་རོགས་སྐྱོར་བྱེད་པ། འཕྲོད་བསྟེན་སྒྲིག་བཀོད་དང་རིག་གནས་བྱེད་སྒོ་སྤེལ་ཡུལ་སྐྲུན་རོགས་བྱེད་པ། དབུལ་སྐྱོར་གྱི་ཁེ་འབབ་བགོ་བ་དང་ཞལ་འདེབས་བཅས་ལ་རིམ་རྩིས་བྱས་ན་སྒོར་ཁྲི་3000ལྷག་ཙམ་བཏང་ཡོད།

    ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པར་མིག་མཐོང་ལག་ཟིན་གྱི་ལས་དོན་བསྒྲུབ་དགོས་ལ། སྐད་གྲགས་མེད་པར་ལས་དོན་འབོར་ཆེན་ཡང་བསྒྲུབ་དགོས།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་གྲོ་མོ་རྫོང་ཤར་གསིང་མ་གྲོང་རྡལ་ཤར་གསིང་མ་སྡེ་ཁུལ་གྱི་ཏང་ཀྲི་པུའི་འཐབ་ཕྱོགས་གཅིག་གྱུར་གྱི་ཨུ་ཡོན་ལི་ཞི་ཅུན་ནི་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་མི་སྒེར་ཞིག་ཡིན། ཁོང་ནི་ཀན་སུའུ་ཐེན་ཧྲུའེ་རུ་སྐྱེས་པ་དང་ཤིན་ཅང་དུ་དམག་དཔུང་ནང་ཞུགས་པ་དང་དམག་ཞབས་ཐིམ་རྗེས་གྲོ་མོ་རྫོང་དུ་གླ་པ་རྒྱུག་པར་ཡོང་ཞིང་། བོད་རིགས་བུ་མོ་སྒྲོལ་མ་ཚེ་རིང་དང་བརྩེ་དུང་ཆགས་ནས་ད་བར་ཚང་བཟུང་ནས་སྐྱིད་པའི་འཚོ་བ་སྐྱེལ་བཞིན་ཡོད།

    2010ལོར་ལི་ཞི་ཅུན་ཉིད“གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མིར་བདམས་པ་རེད། 2021ལོར་སྡེ་ཁུལ་གྱི་གྲོང་མིའི་རྒྱབ་སྐྱོར་འོག་ཁོང་སྡེ་ཁུལ་གྱི“ཨུ་ལྷན་གཉིས”ཀྱི་ཚན་ཁག་ཏུ་ཞུགས། དེའི་རིང་ལི་ཞི་ཅུན་གྱིས་འགན་འཁྲི་ལག་བསྟར་ནན་ཏན་བྱས་པ་དང་། ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ཏང་གི་རིགས་པའི་གཞུང་ལུགས་དང་དམངས་ཕན་སྲིད་ཇུས་ཁག་དྲིལ་བསྒྲགས་བྱས་ཤིང་། དྲིལ་བསྒྲགས་པ་དང་ཆ་འཕྲིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་སྡེ་ཁུལ་གྱི་གྲོང་མིར་བྱ་བ་དངོས་བསྒྲུབས་པ་དང་དཀའ་གནད་བསལ་ནས་མང་ཚོགས་ཀྱི་སྙིང་ཉེ་བའི་མི་ཞིག་བྱས་པ་མ་ཟད། མང་ཚོགས་ལ་དྲིལ་བསྒྲགས་བྱེད་པ་དང་། མང་ཚོགས་ལ་སློབ་གསོ་གཏོང་བ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི“མཐའ་མའི་འགག་གནད”ཧུར་ཐག་གྲོལ་ཡོད།

    “མི་རིགས་ཁག་ཁྱིམ་ཚང་གཅིག་ལྟར་ཡིན་ལ་ཁྱིམ་མི་ཚང་མར་འཚོ་བ་ཡག་པོ་སྐྱེལ་དུ་འཇུག་དགོས” བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཁྲོད་བབ་ཆགས་པའི་སྐད་ཆ་དེ་མི་སེམས་སུ་གཏིང་ཟབ་ཟུག་ཡོད། མཐུན་སྒྲིལ་ལ་བརྟེན་ནས་བརྟན་ལྷིང་འགན་ལེན་དང་མཐུན་སྒྲིལ་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཤིང་། མི་རིགས་མཐུན་སྒྲིལ་ནི་བོད་ཀྱི་ངོས་ནས་བརྗོད་ན་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་གི་རྨང་རྡོ་ལྟ་བུ་དང་གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་བུ་ཕྲུག་གི་སྲོག་རྩ་ལྟ་བུ་ཡིན།

    ད་ཆ་རང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་མཐུན་སྒྲིལ་ལ་སྣང་ཆེན་དང་འཕེལ་རྒྱས་དོན་གཉེར་བྱེད་པའི་བསམ་འདུན་ཇེ་ཆེར་ཕྱིན་ཡོད་ཅིང་། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་གིས་མུ་མཐུད་འབད་འཐབ་བྱས་ནས། བོད་ལྗོངས་འདི་ཉིད་སྔར་བས་མཛེས་སྡུག་ལྡན་པ་ཞིག་བསྐྲུན་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།