དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • བདག་སྐྱོང་བ་ཞིག་གི་མིག་ནང་གི་ཡར་ཉང་འདམ་རའི་སྐྱེ་ཁམས་ཀྱི་འགྱུར་ལྡོག

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2023-09-18

    2009ལོར་འདམ་རའི་སྤྱི་གླིང་གི་ཚོད་ལྟའི་འཛུགས་སྐྲུན་བྱེད་འགོ་ཚུགས། 2016ལོར་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་དོ་དམ་ཅུས་ཀྱི་སྒོ་བྱང་དངོས་སུ་བཀལ་བ་རེད། དེ་རྗེས་ས་གནས་དེས་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་3000ལྷག་ཙམ་བཏང་ནས་སྲུང་སྐྱོང་དང་ཉམས་གསོ་སོགས་ཀྱི་ལས་གྲྭ་མང་པོ་ལག་བསྟར་བྱས་པ་རེད། 2022ལོར་བོད་ཀྱི་ཡར་ཉང་འདམ་རའི་སྐྱེ་ཁམས་མ་ལག་གི་རྒྱལ་ཁབ་གནས་ཐིག་གཏན་འཁེལ་ལྟ་ཞིབ་ཚད་ལེན་ཞིབ་འཇུག་ས་ཚིགས་དངོས་སུ་སྒོ་བྱང་བཀལ་བ་རེད།

    བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་ཡར་ཀླུང་གཙང་པོ་དང་ཉང་ཆུའི་འབྲེལ་མཚམས་སུ་གནས་པའི་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་དུ་རླབས་སྔོན་ལང་ལོང་དུ་འཕྱུར་ཞིང་། སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་ཡོད། དྲོ་ཞིང་འཇམ་པའི་ཉི་འོད་འོག་དུས་བྱ་རྣམས་རང་དགར་འཕུར་ལྡིང་བྱེད་བཞིན་མཛེས་ལྗོངས་ལྟ་བས་མི་ངོམས་པ་ཞིག་ཡོད་པས་ཡུལ་སྐོར་བ་མང་པོའི་ཡིད་དབང་འགུག་གི་ཡོད།

    “དེ་སྔ་ཡར་ཉང་འདམ་ར་ནི་སྐྱ་ཐེར་ཐེར་གྱི་གྲམ་ཐང་ཡིན་པ་གང་ཞིག་གད་སྙིགས་མང་བ་དང་། སྔོ་ཁེབས་ཁྱབ་ཚད་ཧ་ཅང་ཉུང་ཉུང་ཡིན་པས་རླུང་བུ་ལྡང་ཚེ་ཁ་དང་སྣ་ནང་དུ་ཐལ་རྡུལ་གྱིས་ཁེངས་ཀྱི་ཡོད”ཅེས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀླུ་སྟེང་གྲོང་ཚོའི་གྲོང་མི་པད་མ་མཆོག་གིས་བཤད། འདི་ལོ་ལོ་57ལ་སླེབས་པའི་པད་མ་མཆོག་གིས་ཡར་ཉང་འདམ་རའི་བདག་སྐྱོང་བ་བྱས་ནས་ལོ་4ཙམ་སོང་ཡོད། ཁོང་གི་བསམས་པར་མི་ཚང་མས་ལྟ་རྟོག་ཞིབ་ཚགས་དང་ཐུན་མོང་ཐོག་སྲུང་སྐྱོང་ཡག་པོ་བྱས་ཚེ་ཡར་ཉང་འདམ་ར་དེ་ཉིད་མཛེས་སྡུག་ལྡན་པའི་སྤྲོ་གསེང་བྱ་ཡུལ་གནས་མཆོག་ཅིག་ཏུ་གྱུར་སྲིད་སྙམ།

    ཉིན་ལྟར་སྔ་དྲོའི་ཆུ་ཚོད་9པར་པད་མ་མཆོག་གིས་ལག་ཆ་འཁྱེར་ནས་ཐོན་ཏེ། ར་སྐོར་ཉམས་གསོ་དང་། ཚུལ་མིན་གྱི་བྱེད་སྤྱོད་བཀག་འགོག གད་སྙིགས་སྒྲུག་པ་སོགས་བྱེད་ཀྱི་ཡོད། པད་མ་མཆོག་གིས་ཡར་ཉང་འདམ་ར་སྐོར་བར་རྟག་ཏུ་ཉིན་ཕྱེད་ཙམ་འགོར་གྱི་ཡོད། དོ་དམ་སྲུང་སྐྱོང་བྱེད་པའི་ལམ་ཐག་རིང་པོ་ནི་ཚོད་བགམ་ཞིག་ཡིན་ལ་རླུང་རླབས་ཁྲོད་གྲུ་གཟིངས་བཏང་ནས་སྐོར་ཞིབ་བྱ་རྒྱུ་དེའང་རྒྱུན་གཏན་ལས་ཀ་ཞིག་རེད། པད་མ་མཆོག་གིས“དབྱར་དུས་གཙང་ཆུ་རྒྱས་སྐབས། གཙང་པོའི་བྱེ་གླིང་དུ་བྱེ་མ་རྐུ་མཁན་དང་ཉ་འཛིན་མཁན་སོགས་བཀག་འགོག་བྱ་ཆེད། ང་ཚོ་བདག་སྐྱོང་བས་གྲོང་ཚོས་མ་དངུལ་བསྡུ་རུབ་བྱས་ནས་ཉོས་པའི་ཀོ་གྲུ་བཏང་ནས་ལྟ་ཞིབ་བྱེད་པར་སྐྱོད་པ་དང་གནམ་གཤིས་ཡག་པོ་མེད་རུང་ལྷོད་གཡེང་སྤུ་ཙམ་ཡང་གཏོང་གི་མེད”ཅེས་བཤད།

    འདི་ལོའི་ལོ་སྟོད་དུ་པད་མ་མཆོག་ཁྱིམ་མཚེས་ཀྱི་སྒེའུ་ཁུང་གི་ཤེལ་སྒོ་འགྱིག་མདས་བཅག་པ་མཐོང་སྐབས་པད་མ་མཆོག་དང་གྲོང་མི་ཚོ་འགྱིག་མདའ་སྤྱོད་མཁན་གྱིས་འདམ་རའི་རྩ་ཆེའི་བྱ་རིགས་ལ་གནོད་འཚེ་གཏོང་གི་རེད་སྙམ་པའི་སེམས་ཁྲལ་བྱུང་བས། ཚང་མས་འཕྲལ་མར་ཉེ་འགྲམ་གྱི་ཡུལ་མི་བཙལ་བ་མ་ཟད། འདམ་རར་སྐོར་གཡེང་བྱེད་ཐེངས་ཀྱང་མང་དུ་བཏང་བ་དང་ད་དུང་དྲ་ཐོག་གི་དྲན་སྐུལ་ཡང་བཏང་བ་རེད། པད་མ་མཆོག་གིས“ཚང་མས་ངའི་ལས་ཀར་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་ཡོད། ཡར་ཉང་འདམ་རར་འགྱུར་ལྡོག་ཆེན་པོ་དེ་ལྟ་བུ་བྱུང་བར་མི་ཚང་མས་ནུས་ཤུགས་ཡོད་རྒུས་འབད་བརྩོན་བྱས་པ་དང་ཁ་བྲལ་ཐབས་མེད”ཅེས་གསར་འགོད་པར་བཤད།

    2009ལོར་འདམ་རའི་སྤྱི་གླིང་གི་ཚོད་ལྟའི་འཛུགས་སྐྲུན་བྱེད་འགོ་ཚུགས། 2016ལོར་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་དོ་དམ་ཅུས་ཀྱི་སྒོ་བྱང་དངོས་སུ་བཀལ་བ་རེད། དེ་རྗེས་ས་གནས་དེས་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་3000ལྷག་ཙམ་བཏང་ནས་སྲུང་སྐྱོང་དང་ཉམས་གསོ་སོགས་ཀྱི་ལས་གྲྭ་མང་པོ་ལག་བསྟར་བྱས་པ་རེད། 2022ལོར་བོད་ཀྱི་ཡར་ཉང་འདམ་རའི་སྐྱེ་ཁམས་མ་ལག་གི་རྒྱལ་ཁབ་གནས་ཐིག་གཏན་འཁེལ་ལྟ་ཞིབ་ཚད་ལེན་ཞིབ་འཇུག་ས་ཚིགས་དངོས་སུ་སྒོ་བྱང་བཀལ་ནས། ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་ལ་ཚན་རིག་དང་མཐུན་པའི་ངང་སྲུང་སྐྱོང་དང་། བེད་སྤྱོད་ལུགས་མཐུན། ཕྱོགས་ཡོངས་ནས་འཕེལ་རྒྱས་བཅས་ཀྱི་དུས་མཚམས་གསར་པ་ཞིག་འགོ་བཙུགས་ཡོད། “མི་རྣམས་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་རིམ་བཞིན་ཟབ་ཏུ་འགྲོ་བཞིན་ཡོད” པད་མ་མཆོག་གིས་དེ་སྔ་ཕྱུགས་འཚོ་བར་འཆར་གཞི་མེད་པ་དང་ད་ཆ་དུས་ཚིགས་དང་དུས་མཚམས་དབྱེ་ཡོད། སྔོན་ཆད་ལྕི་བ་ཕྱགས་མཁན་མེད་པ་དང་ད་ཆ་ཡུལ་མི་རྣམས་ཀྱིས་ལྕི་བ་བསྒྲུགས་ནས་ལུད་བཟོ་གི་ཡོད། དེ་སྔ་མི་རྣམས་ཀྱིས་གད་སྙིགས་གང་བྱུང་དུ་དབྱུག་པ་དང་ད་ཆ་རང་འགུལ་ངང་གད་སྙིགས་སྣ་ཚོགས་སྒྲུག་གི་ཡོད་ཅེས་བཤད།

    འདམ་རའི་བདག་སྐྱོང་བའི་གླ་ཕོགས་མཐོ་པོ་མེད་མོད། འོན་ཀྱང་པད་མ་མཆོག་གིས་དུས་བཀག་ནང་རང་གིས་དངུལ་བཏང་ནས་བདག་སྐྱོང་ལག་ཆ་ཉོ་གི་ཡོད། “ཡར་ཉང་འདམ་རའི་བདག་སྐྱོང་ལས་དོན་ནི་ལས་སླ་པོ་ཞིག་མ་ཡིན་པར་གནད་དོན་གསར་པ་མི་ཉུང་བ་ཞིག་འཕྲད་ཀྱི་ཡོད། ངས་བདག་སྐྱོང་ལས་དོན་སོ་སོའི་ཁྱིམ་གྱི་ལས་ཀ་ལྟར་སྒྲུབ་ཀྱི་ཡོད། རང་ཉིད་ཀྱི་རྒྱུན་འཁྱོངས་ལ་བརྟེན་ནས་ཡར་ཉང་འདམ་ར་དེ་བས་མཛེས་སྡུག་ལྡན་པ་ཡོང་བར་བྱེད་ཀྱི་ཡིན”ཞེས་བཤད། ད་ཆ་ཡར་ཉང་འདམ་རའི་ཉེ་འགྲམ་དུ་སྐྱོད་སྐབས་པད་མ་མཆོག་གི་སེམས་པ་བག་ལ་ཕེབས་པ་ཞིག་ཡོང་གི་ཡོད། “ཁོར་ཡུག་ལ་གཏོར་བཤིག་གཏོང་མཁན་ཉུང་དུ་སོང་བ་དང་སྐབས་རེ་རང་འགུལ་མེད་པའི་མི་ཁག་གཅིག་གིས་ང་ཚོ་མཐོང་སྐབས་བྲོས་ནས་འགྲོ་གི་འདུག”ཅེས་པད་མ་མཆོག་གིས་གད་མོ་དགོད་བཞིན་བཤད།

    “ཡར་ཉང་འདམ་རའི་སྐྱེ་ཁམས་ཇེ་ལེགས་སུ་ཕྱིན་པ་དང་གཙང་སྦྲ་དོད་པའི་ཁོར་ཡུག་མཐོང་སྐབས་སེམས་པ་ཧ་ཅང་སྐྱིད་པོ་འདུག ངས་ཕྲུ་གུ་ཚོར་ལོ་དེ་དག་རིང་བདག་སྐྱོང་ལས་དོན་བྱེད་རིང་གི་གཏམ་རྒྱུད་ཤོད་ཀྱི་ཡོད་ལ། སླད་ཕྱིན་ངེས་པར་དུ་ཡར་ཉང་འདམ་ར་དེ་བས་མཛེས་སྡུག་ལྡན་པ་ཞིག་བསྐྲུན་དགོས་པའི་མངགས་བཅོལ་དེ་བས་བྱེད་ཀྱི་ཡོད”ཅེས་བཤད།

    (ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།