འཕྲལ་སྡོམ་དོ་དམ་པུའུ་དང་ནོར་སྲིད་པུའུ་ཡིས།
རྒྱལ་ཡོངས་ཀྱི་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་དགུན་དཔྱིད་ཀྱི་རོགས་སྐྱོབ་ལས་དོན་སྔ་ཙམ་བཀོད་སྒྲིག་བྱེད་པའི་བརྡ་ཐོ་བཀྲམ་པ།
ཉིན་ཤས་གོང་འཕྲལ་སྡོམ་དོ་དམ་པུའུ་དང་ནོར་སྲིད་པུས《2023ལོ་དང་2024ལོའི་རྒྱལ་ཡོངས་ཀྱི་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་དགུན་དཔྱིད་ཀྱི་རོགས་སྐྱོབ་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་ས་གནས་ཁག་གིས་འགན་འཁྲི་དམ་ནན་དུ་གཏོང་བ་དང་། བཀོད་སྒྲིག་ལ་དམ་འཛིན་བྱེད་པ། འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ལོ་འཁོར་འདིའི་དགུན་དཔྱིད་གཉིས་ཀྱི་རོགས་སྐྱོབ་ལས་དོན་ཏན་ཏིག་དང་གོ་རིམ་ལྡན་པའི་ངང་ཡག་པོ་སྤེལ་ནས་གནོད་འཚེ་ཕོག་པའི་མང་ཚོགས་དྲོ་སྐྱིད་ལྡན་པའི་ངང་དགུན་སྒྲོལ་ཐུབ་པ་དང་བློ་བདེ་པོའི་ངང་དུས་ཆེན་གཏོང་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
《བརྡ་ཐོའི》ནང་མགྱོགས་མྱུར་མཐིལ་རྟོགས་གྲལ་བཤེར་བྱས་ཏེ་རོགས་སྐྱོབ་བྱ་ཡུལ་མི་སྣའི་གནས་ཚུལ་བརྟག་དཔྱད་དང་། བསྡོམས་རྩིས། ཕྱོགས་སྡོམ། ཚོད་སྐོར། ཞིབ་དཔྱད། གོང་ཞུ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་དགུན་དཔྱིད་ཀྱི་རོགས་སྐྱོབ་བྱ་ཡུལ་གཏན་འཁེལ་ཡང་དག་བྱེད་དགོས། རིམ་པ་དེ་གའི་དངུལ་དངོས་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་ཀྲུང་དབྱང་དང་ས་གནས་ཀྱི་རོགས་སྐྱོབ་མ་དངུལ་ལུགས་མཐུན་ངང་སྤྱི་འདོམས་བྱེད་དགོས། ནོར་སྲིད་ཀྱི་ཐད་སྤྲོད་མ་དངུལ་གྱི་འབྲེལ་ཡོད་བླང་བྱ་གཞིར་བཟུང་རོགས་སྐྱོབ་མ་དངུལ་གཞི་རིམ་དུ་ཐད་ཀར་སྤྲོད་ཐུབ་པའི་འགན་ལེན་བྱེད་དགོས་པ་མ་ཟད། དཔྱིད་གསར་དུས་ཆེན་གོང་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ལག་ཏུ་སྤྲོད་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་འཕྲལ་སྡོམ་དོ་དམ་པུས་ལས་དོན་ཚོགས་ཆུང་མངགས་གཏོང་བྱས་ནས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་དང་། ཧེ་ལུང་ཅང་། ཅི་ལིན་སོགས་ལ་བསྐྱོད་ནས་ཁང་པ་ལོག་པ་བསྐྱར་སྐྲུན་བྱས་ཚུལ་ལ་ལྟ་ཞིབ་བྱེད་པ་དང་འབྲེལ་དགུན་དཔྱིད་ཀྱི་རོགས་སྐྱོབ་བྱ་ཡུལ་མཐིལ་རྟོགས་གྲལ་བཤེར་དང་བར་བརྒལ་དུས་ཀྱི་རོགས་སྐྱོབ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་སྤྱི་འདོམས་མཛུབ་ཁྲིད་བྱས་ཡོད།