ཀྲེ་ཅང་གིས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཡག་པོ་གཉེར་བ།
ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་དར་ཆ་འགེལ་བ་དང་། ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་བརྙན་ལམ་སྟོན་པ། གློག་སྒྲོན་གྱིས་བརྒྱན་པའི་མཚན་ལྗོངས་སོགས་ཧང་ཀྲོའུ་ཡི་ས་གནས་ཁག་ཏུ“ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་བརྗོད་དོན་གཙོ་བོའི”རྣམ་པ་ཡོངས་སུ་མངོན། ཟླ་9ཚེས་23ཉིན། ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དགུ་པ་ཧང་ཀྲོའུ་རུ་འགོ་ཚུགས་རྒྱུ་རེད། ཀྲེ་ཅང་གིས་ཞིང་ཆེན་དེ་ཡོངས་སུ“གྲོང་ཁྱེར་གྱི་སྤུས་ཚད་དང་། གྲོང་ཁྱེར་བཅོས་སྐྱོང་། གྲོང་ཁྱེར་གྱི་ཤེས་དཔལ”བཅས་མཐོར་གཏོང་ཆེན་པོ་གསུམ་གྱི་བྱེད་སྒོ་སྤེལ་བས། གྲོང་ཁྱེར་གྱི་ནུས་པ་རིམ་བཞིན་འཐུས་སྒོ་ཚང་དུ་དང་དམངས་འཚོའི་བདེ་རྩ་ཆེ་རུ་ཕྱིན་ཏེ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ལས་བྱུང་བའི་ཕན་འབྲས་དེ་བས་མངོན་ཡོད།
མིག་སྔར། ཧང་ཀྲོའུ་ཡིས་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་བསུ་བའི་ཁོར་ཡུག་སྤུས་ཚད་ལེགས་གཏོང་གི་བྱ་སྤྱོད་རིགས་59ཡི་ལས་དོན་ཁག་1741ཚང་མ་ལེགས་གྲུབ་ཟིན་ནས“མཛེས་སྡུག་ལྡན་པའི་ཁྱིམ་གཞིས”དང་། “འགྲིམ་འགྲུལ་ཤར་བགྲོད” “ཧང་ཀྲོའུ་ཡི་ཉམས་འགྱུར་ཁྲོམ་གཞུང” “མེ་ཏོག་གིས་བརྒྱན་པའི་ཧང་ཀྲོའུ”བཅས་མཛེས་ལྗོངས་ཁུལ་4ནུས་ཤུགས་ཡོད་རྒུས་བསྐྲུན་པ་དང་། གྲོང་ཁྱེར་དེ་ཡོངས་ཀྱི་གྲོང་ཁྱེར་གྱི་འཛུལ་སྒོ་39དང་། ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་ལམ་139 འགན་སྲུང་གི་ལམ་བུ་གལ་ཆེན་200བཅས་ལ་ཕྱོགས་ཡོངས་ནས་མཛེས་བཟོ་བྱས་པ་མ་ཟད། སྡེ་ཁུལ(གྲོང་ཚོ)2763ཕྱོགས་ཡོངས་ནས་བཅོས་སྒྲིག་དང་རིམ་སྤོར་བྱས་ཁར་གྲོང་ཁྱེར་གྱི་སྤྱི་གླིང་71དང་སྒོ་དབྱེའི་སྤྱི་གླིང་ཆུང་གྲས་22བསྐྲུན་ཡོད།
ཉིང་པོ་དང་། ཧྲའོ་ཤིང་། ཝུན་ཀྲོའུ། ཧུའུ་ཀྲོའུ། ཅིན་ཧྭ་བཅས་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་རོགས་གཉེར་གྲོང་ཁྱེར་5ཡིས་གྲོང་ཁྱེར་གྱི་འཛུལ་སྒོ་དང་། འགྲིམ་འགྲུལ་ལྟེ་གནས། ལུས་རྩལ་འགྲན་རའི་མཐའ་འཁོར་སོགས་ལ་དམིགས་ནས་སྔ་རྗེས་སུ་རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་གྲངས་གལ་ཆེན་མང་པོ་འཛུགས་སྐྲུན་དང་བེད་སྤྱོད་བྱས་ཡོད། 2022ལོའི་ཟླ་4པར། ཧྲའོ་ཤིང་གི་ས་འོག་ལྕགས་ལམ་ལམ་ཐིག་དང་པོ་ཤར་གཏོང་ཐུབ་སྟེ་ཧང་ཀྲོའུ་ཡི་ས་འོག་ལྕགས་ལམ་དང་སྦྲེལ་མཐུད་བྱས་ཡོད། ཟླ་9ཚེས་16ཉིན་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་གྲོང་ཁྱེར་6ལ་སྐྱོད་མཁན་ཧང་ཀྲོའུ་བབས་ཚུགས་ཤར་མ་ནས་དལ་བུར་ཐོན་པའི་བསྐྱར་དར་རྟགས་ཅན་གྱི་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་རིག་ནུས་ཤུགས་འགྲེམས་མེ་འཁོར་གྱིས་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་མ་ཟད། འབྱུང་འགྱུར་ཀྲེ་ཅང་གི་ལྕགས་ལམ་སྐྱེལ་འདྲེན་ལམ་ཐིག་གལ་ཆེན་གྱི་གྲས་སུའང་འགྱུར་རྒྱུ་རེད།
ཉེ་ཆར་འགྲན་ཚོགས་གོང་གི་ནང་སྦྱོང་བྱེད་རིང་། ཧང་ཀྲོའུ་གྲོང་ཁྱེར་གྱི་འགྲིམ་འགྲུལ་འགག་པའི་སྟོན་གྲངས་ལྟ་ཞིབ་ཚད་ལེན་ལས་སྟེགས་ཀྱི་གྲངས་གཞི་ལས་མངོན་པར། ཉིན་དེའི་ཞོགས་པ་འགྲིམ་འགྲུལ་འགྲོ་བདེ་རུ་ཕྱིན་པ་དང་། ཆུ་ཚོད་ཕྱེད་ཀ་ཡང་མ་འགོར་བར་གཞི་རྩའི་ཆ་ནས་ཤར་གཏོང་ཐུབ་ཡོད། “གྲངས་འཛིན་གྲོང་ཁྱེར”གྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་ཧང་ཀྲོའུ་ཡིས་གཞུང་ལམ་ཤར་བགྲོད་ཀྱི་གནས་ཚུལ་དང་འགྲན་བསྡུར་རླངས་འཁོར་འཁོར་སྐྱོད་ཀྱི་གནས་ཚུལ་ལ་གཞིགས་ནས། དུས་ཐོག་ཏུ་འཁོར་ལམ་ལེགས་སྒྲིག་བྱས་ཏེ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སུ་རླངས་འཁོར་ཤར་གཏོང་ཐུབ་པའི་འགན་ལེན་བྱས་པ་མ་ཟད། ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སུ་ཤར་བགྲོད་ལམ་བུ་125ཆེད་མངགས་གཏན་འཁེལ་བྱས་ནས་གྲོང་ཁྱེར་གྱི་འགྲོ་ལམ་འགྲིམ་འགྲུལ་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱས་པ་རེད།
མིག་སྔར། ཧང་ཀྲོའུ་རུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་གྲོང་ཁྱེར་དང་བླངས་ཞབས་ཞུའི་ས་ཚིགས་3000ལྷག་ཙམ་བསྐྲུན་པ་དང་། ཞིང་ཆེན་དེ་ཡོངས་ཀྱི་གྲོང་ཁྱེར་དང་བླངས་པ་ཁྲི་142ཀྱིས་གྲ་སྒྲིག་ཨང་གསར་བྱེད་བཞིན་ཡོད།
ཀྲེ་ཅང་ཞིང་ཨུད་ཀྱི་འགན་འཁུར་བློ་མཐུན་གཙོ་བོས། ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་དང་ཨེ་ཤེ་ཡའི་དབང་སྐྱོན་འགྲན་ཚོགས་ཡག་པོ་གཉེར་རྒྱུ་དེ“དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ཕྱོགས་ཡོངས་ནས་མངོན་པར་བྱེད་པའི་སྐར་ཁུང་གལ་ཆེན”དུ་བྱས་ཏེ་འཛམ་གླིང་ལ“ཀྲུང་གོའི་ཁྱད་ཆོས་དང་། ཨེ་ཤེ་ཡའི་ཉམས་འགྱུར། ངོ་མཚར་ཆེ་བ”བཅས་ཀྱི་ལུས་རྩལ་རིག་གནས་ཀྱི་སྟོན་ཚོགས་གཟབ་རྒྱས་ཤིག་མངོན་པར་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།