དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའུ་སྨན་ཁང་གིས་ནད་པ་རྒན་རྒོན་ལ་དེ་བས་སྟབས་བདེ་དང་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱེད་པ།

    “ང་ཚོ་རྒན་རྒོན་འདི་གར་སྨན་བཅོས་བྱེད་པར་ཡོང་ན་བློ་བདེ་པོ་འདུག”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-18

    བགྲེས་སོང་ཧོང་ལགས་འདི་ལོ་ལོ་75ལ་སླེབས་པ་དང་ལོ་20ཡི་གོང་བོད་ནས་རྒན་ཡོལ་ཞུས་ཏེ་ཁྲེང་ཏུའུ་རུ་ལོག་ཅིང་། ཁོང་ལ་ཏོག་དབྱིབས་འཕར་རྩ་སྲ་འགྱུར་རང་བཞིན་གྱི་སྙིང་ནད་དང་། སྙིང་གཟེར་རྒྱག་པའི་ནད། རུས་སོབ། ཁྲག་ཤེད་མཐོ་བ། གློ་བའི་གཅོང་ནད་སོགས་ནད་གཞི་མང་པོ་ཕོག་ཡོད། ཉེ་ཆར་སྙིང་ཁམས་མི་བདེ་བའི་རྐྱེན་གྱིས་ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའུ་སྨན་ཁང་དུ་སྨན་བཅོས་བྱས་ནས་བསྡད། དེ་གར་སྡོད་པའི་མྱོང་ཚོར་གླེང་སྐབས། ཁོང་གིས་མཐེ་བོང་བསྒྲེངས་ནས“འདི་གའི་སྨན་དོན་པ་ཧ་ཅང་ཡག་པོ་འདུག ང་ཚོར་གཉེན་ཉེ་ལྟར་བརྩི་བ་དང་། ནད་ཁང་གི་སྒྲིག་ཆས་ཆ་ལག་ཚང་པོ་ཡོད་པས་ཧ་ཅང་སྟབས་བདེ་པོ་འདུག”ཅེས་བརྗོད།

    ནད་པ་རྒན་རྒོན་ལ་ནད་མང་མཉམ་ཕོག་དང་། སྨན་མང་མཉམ་སྤྱོད། རང་རྐྱ་འཕེར་མི་ཐུབ་པ་སོགས་ཀྱི་གནས་ཚུལ་ཡོད་པས་སྨན་ཁང་གིས་ཆེད་མངགས་རིག་ཚན་མང་བའི་ཚོགས་པའི་ནད་བརྟག་སྨན་བཅོས་བྱེད་སྟངས་བཏོད་ནས། སྨན་ཁང་གི་སྒྲིག་ཆས་དང་ཆེད་ལས་ཚན་ཁག་གི་ལེགས་ཆར་བརྟེན་ནས་ནད་པ་རྒན་རྒོན་ལ་ཚད་ལྡན་ཅན་དང་། བྱེ་བྲག་ཅན། རྒྱུན་མཐུད་རང་བཞིན་བཅས་ཀྱི་ཕྱོགས་བསྡུས་སྨན་བཅོས་ཇུས་གཞི་བཟོས་ནས་སྨན་བཅོས་ཞབས་ཞུ་དང་ནད་པའི་མྱོང་ཚོར་ལེགས་སུ་བཏང་བ་རེད།

    རྒན་རྒོན་གྱི་ངོས་ནས་བརྗོད་ན་ས་ལ་འགྱེལ་བ་དང་ནད་ཁྲི་ལས་ཟགས་པ་ནི་ཉེན་ཁ་ཧ་ཅང་ཆེ་བས་དེས་དཔྱི་འགོའི་རུས་པ་ཡང་ཆག་སྲིད། དེར་བརྟེན་ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའུ་སྨན་ཁང་གིས་བློ་གྲོས་གཅིག་ཏུ་བསྡུས་ནས《བརྡབ་སྐྱོན་ཉེན་ཁར་ཤེས་རྟོགས། ཚན་རིག་དང་མཐུན་པའི་སྔོན་འགོག》དང《རུས་སོབ་ཐད་ཀྱི་བདེ་ཐང་སློབ་གསོ》སོགས་ཀྱི་ལག་དེབ་བཟོས་ཏེ་ནད་པ་དང་ནད་པའི་ནང་མིར་སྤྲད་པ་རེད། “ཚོན་མདོག་ཅན་གྱི་ཡི་གེ་ཆེ་བས་རྒན་རྒོན་གྱི་ངོས་ནས་བརྗོད་ན་ཧ་ཅང་གསལ་པོ་ཡོད། ཤོག་ལྷེ་རེར་དོ་སྣང་བྱེད་དགོས་པའི་དོན་གནད་རེ་བཀོད་ཡོད་པ་དང་ཡིག་རིས་མཉམ་བཀོད་ཡིན་པས་གོ་བདེ་པོའང་འདུག”ཅེས་ནད་གཡོག་དཔོན་ཙོའུ་ལིན་མོང་གིས་སྐྱོར་བཞིན་པའི་ལོ་བརྒྱ་ལ་སླེབས་པའི་བགྲེས་སོང་ལི་ལགས་ཀྱིས་བཤད་ཞོར་དུ་སྤྲོ་སྣང་ཆེན་པོས་དེབ་ལ་ལྟ་བཞིན་མཆིས།

    ནད་པའི་སྨན་བཅོས་མྱོང་ཚོར་ལེགས་སུ་བཏང་བ་དང་བསྟུན་ནས་ཁྲེང་ཏུར་བཅའ་སྡོད་བོད་ལྗོངས་དོན་གཅོད་ཁྲུའུ་སྨན་ཁང་གིས་རྒན་རྒོན་གྱི་ནད་ཁང་སྒྱུར་བཀོད་ཆེན་པོ་བྱས་ཡོད་དེ། ནད་ཁུལ་དུ་གེགས་མེད་གསང་སྤྱོད་དང་། བཀོལ་སྤྱོད་བྱེད་སླ་བའི་ཁྱིམ་ཆས། མཐོ་དམའ་སྒྱུར་ཆོག་པའི་ཡོལ་བ་ཡོད་པའི་ནད་ཁྲི། རྐུབ་སྟེགས་འཁོར་ལོའི་བགྲོད་ལམ་སོགས་ཀྱི་སྒྲིག་ཆས་བཀོད་སྒྲིག་བྱས་པ་དང་། ནད་ཁྲིའི་འགྲམ་དུ་ལག་པ་བརྐྱངས་ན་སྙོབ་ཐུབ་པའི་ཛ་དྲག་འབོད་བརྡ་གཏོང་ཆས་དང་གློག་སྒྲོན་བསད་སྤར་བསྒར་བ་སོགས“རྒན་རྒོན་མི་འགྱེལ་བ”དང“རྒན་རྒོན་མི་ཟགས་པའི་ནད་ཁྲིའི”ནད་ཁུལ་གཏོད་པ། སྒོ་རའི་ནང་གཅེས་སེམས་རྐུབ་སྟེགས་འཁོར་ལོ་དང་རླངས་འཁོར་འཇོག་ས་སོགས་རྒན་སྐྱོར་སྒྲིག་ཆས་སྒྲིག་སྦྱོར་བྱས་ཡོད་པ་རེད།

    མཁྲེགས་ཆས་ལེགས་སུ་ཕྱིན་པས་སྟབས་བསྟུན་གྱི་ཞབས་ཞུའང་སྨན་བཅོས་ཀྱི་ལྷུ་ཚིགས་གང་སར་མཐོང་རྒྱུ་ཡོད་ཅིང་། སྨན་ཁང་གི་ཚོམས་ཆེན་དུ“རྒན་རྒོན་སྔོན་ལ་ཨང་ཀི་བཀག་པ་དང་སྔོན་ལ་སྨན་བཅོས་བྱེད་ཆོག”པ་སོགས་ཀྱི་ཕྱོགས་སྟོན་བྱང་བུ་གང་སར་མཐོང་རྒྱུ་ཡོད། སྒོ་བསྟེན་སྨན་ཁང་དུ་རྒན་རྒོན་ལ་ཞབས་འདེགས་ཞུ་བའི་ལས་གནས་ཆེད་མངགས་བཙུགས་ཡོད་པས་ནད་པ་རྒན་རྒོན་སྔོན་ལ་ཨང་ཀི་བཀག་པ་དང་། སྨན་བཅོས། བརྟག་དཔྱད། སྨན་ལེན་པ་སོགས་བྱེད་ཆོག ནད་པ་རྒན་རྒོན་གྱི་གློག་རྡུལ་སྒྲིག་ཆས་སྤྱོད་མི་ཤེས་པའི་དོན་དངོས་ལ་དམིགས་ཏེ་དང་བླངས་པས་བརྒྱུད་རིམ་ཧྲིལ་པོར་ཁྲིད་སྟོན་བྱེད་ཀྱི་ཡོད། རིག་ནུས་ལག་ཐོགས་ཁ་པར་སྤྱོད་མྱོང་མེད་པའི་རྒན་རྒོན་སྨན་པ་བསྟེན་ཐུབ་ཆེད། སྒོ་བསྟེན་སྨན་ཁང་གིས་ཐོ་འགོད་ཨང་ཀི་ནས་10%ཉར་ནས་ཁོང་ཚོར་ས་གནས་ས་ཐོག་ཏུ་ཨང་ཀི་བཀག་ཐུབ་པ་བྱེད་ཀྱི་ཡོད།

    ནད་པ་རྒན་རྒོན་དང་འབྲེལ་བ་བྱེད་སྐབས། སྨན་པར་ཆེད་ལས་རྩལ་ནུས་མཐོ་པོ་དགོས་པ་མ་ཟད། ད་དུང་ངང་རྒྱུད་རིང་ཞིང་འགན་འཁྲི་འཁུར་སེམས་ཆེན་པོའང་ལྡན་དགོས། ནད་པ་རྒན་རྒོན་རླུང་ཚ་པོ་ཡོད་པས་ཉེ་འགྲམ་གྱི་མི་དང་འགལ་བའང་ཐོན་སླ་པོ་ཡོད། ཁོང་ཚོ་བློ་བདེ་པོས་སྨན་བཅོས་ཐུབ་ཆེད། སྨན་ཁང་གིས“རྒན་རྒོན་གྱི་ཁྱིམ་ཚང”ཞེས་པའི་བྱེད་སྒོ་ཁང་བཙུགས་ནས་རྒྱུན་དུ་རྒན་རྒོན་དང་མཉམ་དུ་ཅི་འཕྲོས་མོལ་འཕྲོས་བྱེད་པ་སོགས་ལ་བརྟེན་ཏེ་རྒན་རྒོན་ཀྱི་སེམས་ཁམས་ཡངས་སུ་བཏང་ནས་སེམས་ཁྲལ་སེལ་ཐུབ་པར་བྱེད་ཀྱི་ཡོད། ཡིག་གཟུགས་འབྲི་བ་དང་། ཤོག་དྲས་བཟོ་བ། མེ་ཏོག་འཛུགས་པ་སོགས་ཀྱི་བྱེད་སྒོ་སྤེལ་ནས་སྨན་པ་དང་ནད་པའི་བར་ཐག་ཉེ་རུ་བཏང་སྟེ་རྒན་རྒོན་གྱི་ན་ཚ་ཡང་དུ་འགྲོ་བར་བྱེད་ཀྱི་ཡོད།

    “ང་ཚོ་རྒན་རྒོན་འདི་གར་སྨན་བཅོས་བྱེད་པར་ཡོང་ན་བློ་བདེ་པོ་འདུག”ཅེས་ལོ་86ལ་སླེབས་པའི་རྨོ་བོ་ལྷ་མོ་ལགས་ཀྱིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།