དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཡར་འབྲོག་གཡུ་མཚོའི་ངོགས་སུ་རྟ་ཕོ་ལྕག་གིས་སྐུལ།

    འཁྲུག་ཆ་དོད་པའི་རྟ་རྒྱུག་འགྲན་བསྡུར་བྱས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-09-18

     འདི་ནི་རྟ་པ་ཚོས་འགྲན་བསྡུར་འཁྲུག་པོ་བྱེད་བཞིན་པ།

    ཟླ་9ཚེས་7ཉིན། ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྟོང་རྭ་ཤང་ལྕེ་ཆུང་གྲོང་ཚོར་རྟ་ཕོ་བཅུ་ཕྲག་ཁ་ཤས་ཡར་འབྲོག་གཡུ་མཚོའི་ངོགས་ཀྱི་འགྲན་ལམ་དུ་རླུང་ལྟར་རྒྱུག་བཞིན་ཡོད། ནག་ཆུ་དང་། ལྷ་ས། གཞིས་རྩེ། ལྷོ་ཁ། སི་ཁྲོན་དཀར་མཛེས་སོགས་ནས་ཡོང་བའི་རྟ་པ་འགྲན་བསྡུར་ལ་ཞུགས་པ་དང་ལྟད་མོ་བ་ཆིག་ཁྲི་ཙམ་གྱིས་འགྲན་བསྡུར་ལ་ལྟ་གིན་སྐད་བརྒྱབ་ནས་ངར་ཤུགས་སློང་བ་དང་། དེ་གར་འདུས་པའི་གུར་དང་རླངས་འཁོར་ལས་ཐག་རིང་ལུང་ཁུག་གི་ས་མཐོའི་འབྲོག་ར་དེ་ཉིད་འཁྲུག་ཆ་དོད་དུ་ཕྱིན་ཡོད།

    འདིར་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་རང་ཉིད་ཀྱི“གྲོང་གསེབ་ཀྱི་རིམ་འདས་རྟ་རྒྱུག་འགྲན་བསྡུར”ཞིག་བྱེད་བཞིན་ཡོད།

    “འོང་སྐོར་གྱི་རྟ་རྒྱུག་ད་བར་དུ་རྒྱུན་འཛིན་བྱས་པ་དང་གྲོང་མི་ཚོས་རྟ་རྒྱུག་ལས་རླུང་རྟ་འཕེལ་བའི་ཡིད་ཆེས་བྱེད་པ་དང་དུས་མཚུངས་དེ་ལས་འཚོ་བ་ཡག་ཏུ་འགྲོ་བ་མཚོན་གྱི་ཡོད། རྟ་རྒྱུག་ལས་ཞིང་འབྲོག་མང་ཚོགས་ལ་རྩལ་འགྲན་ཁྲོད་ནས་དཔའ་ངར་ཆེ་བའི་སྙིང་སྟོབས་འཕེལ་བར་བྱེད་ལ་མང་ཚོགས་ཀྱི་ཧུར་བརྩོན་ཡར་ཐོན་གྱི་སེམས་ཤུགས་ཆེ་རུ་གཏོང་ཐུབ། དེར་བརྟེན་གྲོང་ཚོ་ཨུ་ལྷན་གྱིས་ལོ་མང་རིང་རྟ་རྒྱུག་དེ་དུས་ཆེན་ཁག་གི་ལེ་ཚན་གཙོ་བོར་བཏོད་ནས།སྲོལ་རྒྱུན་རྟ་རྒྱུག་དེ་རྣམ་པ་དང་། ནང་དོན། གཞི་ཁྱོན་སོགས་ཕྱོགས་གང་ས་ཅི་ཐད་ནས་དུས་བསྟུན་འཕེལ་རྒྱས་ཡོང་བར་བྱས་ཡོད་ལ། མིག་སྔར་ལྗོངས་ཡོངས་དང་ཐ་ན་ལྗོངས་ཕྱིའི་རྟ་རྒྱུག་རུ་ཁག་སྣ་ཚོགས་ཀྱི་ཉམས་འགྱུར་ངོམ་པའི་ལས་སྟེགས་ཤིག་ཏུ་གྱུར་ཡོད”ཅེས་ལྕེ་ཆུང་གྲོང་ཚོའི་ཏང་ཀྲི་པུའི་དེ་སྔའི་ཧྲུའུ་ཅི་སྟེ། ཐེངས་འདིའི་རྟ་རྒྱུག་གཉེར་འགན་འཁུར་མཁན་གཙོ་བོ་ཞབས་དྲུང་བློ་བཟང་ཚུལ་ཁྲིམས་ཀྱིས་གསར་འགོད་པར་བཤད།

    “སླད་ཕྱིན་ང་ཚོས་སྲོལ་རྒྱུན་གྱི་རྟ་རྒྱུག་མུ་མཐུད་དར་རྒྱས་གོང་འཕེལ་བཏང་ནས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་ཆབས་ཅིག གྲོང་གསེབ་དར་རྒྱས་དང་ཟུང་འབྲེལ་བྱས་ཏེ་སྤུས་རྟགས་གཏོད་པ་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་བཏང་ནས་མང་ཚོགས་ཀྱི་སྣེ་ཁྲིད་དེ་དེ་བས་ལེགས་པའི་ངང་དུས་རབས་གསར་པར་འབད་འཐབ་བྱ་རྒྱུ་ཡིན”ཞེས་ལྕེ་ཆུང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་པ་སངས་ཀྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།